ཐུན་ཏེ་རྫོང་གིས་དམངས་ཁྲོད་ཀྱི་འགལ་བ་སྣ་ཚོགས་སེལ་ཏེ་སྤྱི་ཚོགས་བདེ་འཇགས་ལ་ཁག་ཐེག་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 07-05



            ཉེ་ལམ།  ཐུན་ཏེ་རྫོང་འགལ་འདུམ་ལྟེ་གནས་ཀྱིས་ཐང་མགོ་གྲོང་རྡལ་མི་དམངས་སྲིད་གཞུང་དང་མཉམ་འབྲེལ་བྱས་ཏེ།  ཏང་གི་ཚོགས་ཆེན་ཉི་ཤུ་བའི་བདེ་བསྲུང་བྱ་བ་གཙོ་རྒྱུན་དུ་བཟུང་ནས། རྫོང་ཡོངས་ཀྱི་ལོ་རྒྱུས་ལྷག་ལུས་ཀྱི་དཀའ་རྙོག་གནད་དོན་དུས་ཐོག་ཏུ་སེལ་ཆེད། འདུམ་པས་འཆམ་མཐུན་སྐུལ། དགའ་བས་ཚོགས་ཆེན་བསུ་ཞེས་པའི་ཆེད་དོན་བྱེད་སྒོ་དང་འབྲེལ་ཏེ། གཟེར་མ་འབལ་བའི་འགལ་འདུམ་གྱི་བྱེད་སྒོ་སྤེལ་ཞིང་། ཐུན་ཏེ་རྫོང་འགལ་འདུམ་ལྟེ་གནས་ཀྱི་ནུས་པ་རྩལ་ཏུ་བཏོན་ནས། རྫོང་ཡོངས་ཀྱི་ཁྱབ་ཁོངས་ནས་འདུམ་དཀའ་ཞིང་། ངོ་བོ་རྙོག་འཛིང་ཆེ་བ། སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་ཐེབས་ཡོད་པའི་ལོ་རྒྱུས་ཤུལ་ལྷག་གི་རྩོད་རྙོག་གཉིས་ལེགས་པར་བསྡུམས་སྟེ། སྤྱི་ཚོགས་ལ་གནོད་པ་ཡོད་པའི་གཟེར་མ་ལྟ་བུའི་རྩོད་རྙོག་རྩ་ནས་བལ་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་བའི་བདེ་བསྲུང་བྱ་བར་ནུས་ལྡན་གྱི་ཁག་ཐེག་བྱས།

འདུམ་འགྲིག་ལྟེ་གནས་ཀྱི་འདུམ་སྒྲིག་པ་རྣམས་ཀྱིས་འགལ་བ་ཕྱོགས་གཉིས་ཀའི་གནས་ཚུལ་ལ་རྒྱུས་ལོན་བྱེད་བཞིན་པའི་རྣམ་པ།

          གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན།   ཟླ6པའི་ཚེས4ཉིན། ཐུན་ཏེ་རྫོང་ཐང་མགོ་གྲོང་རྡལ་གྱི་མེ་རུ་ཁུ་སྡེ་བ་དང་ཝ་ཤར་སྡེ་བ་གཉིས་བར་ལ་རྨོ་འདེབས་ཀྱི་རྐྱེན་ལས་འགལ་བ་བྱུང་ཞིང་། མང་ཚོགས་འགའ་ཤས་བར་ཁ་འཛིང་ཡང་མང་དུ་ཤོར། འགལ་བ་འབྱུང་དོན་ནི་ཐང་མགོ་གྲོང་རྡལ་གྱི་སྡེ་བ17པོར་ཕན་ཚུན་གྱི་ཞིང་ས་དང་རྩྭ་ས་འདྲེས་ཡོད་པས། བདག་དབང་གསལ་བོ་འབྱེད་མི་ཐུབ་པའི་གནས་ཚུལ་ཡོད་པས་སྟབས་ཀྱིས་རེད། འགལ་བ་འདིར་སྡེ་བའི་ངོས་ཐད་ནས་འདུམ་སྒྲིག་ཐེངས་གང་མང་བྱས་ཀྱང་གྲུབ་འབྲས་མ་བྱུང་ལ། གྲོང་རྡལ་སྲིད་གཞུང་གིས་འདུམ་སྒྲིག་ཐེངས་འགར་བྱས་ན་ཡང་། ཕྱོགས་གཉིས་ཀས་ཕན་ཚུན་གཉོམ་མ་བྱིན་པར་འགལ་བ་འདུམ་ཐབས་མ་བྱུང་། ད་སྐབས་ཕྱོགས་གཉིས་ཀྱི་འགལ་བ་ཛ་དྲག་ཏུ་གྱུར་ནས་ཤིན་ཏུ་འདུམ་དཀའ་བའི་ཚད་དུ་སླེབས་ཡོད། འོན་ཀྱང་འགལ་བ་དེ་འདུམ་མ་ཐུབ་ན་ཐང་མགོ་གྲོང་རྡལ་གྱི་སྡེ་བ17པོའི་བརྟན་འཇགས་ལ་ཤུགས་རྐྱེན་ངན་པ་ཐེབས་འདུག 

          ཐུན་ཏེ་རྫོང་འགལ་འདུམ་ལྟེ་གནས་ཀྱིས་སྲིད་ཁྲིམས་དཔུང་སྡེའི་གྱོད་འདུམ་ཚན་ཆུང་བཙུགས་ནས་རང་གི་འགན་ནུས་ལྟར་འགལ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས། ལས་སྒྲུབ་མི་སྣ་དག་གིས་བསྟུད་མར་ལས་སྣོན་བྱས་ཤིང། དཀའ་ཁག་ལ་མ་འཛེམ་པར་རྩྭ་སའི་ཡུལ་དངོས་ལ་རྟོག་ཞིབ་བྱས་པ་དང་། ཞིང་སའི་རྒྱ་ཁྱོན་གཞལ་བ། རྩྭ་ས་དང་ཞིང་སའི་ཁྱབ་ཚུལ་རི་མོར་འགོད་པ། འབྲེལ་ཡོད་ལས་ཁུངས་དག་ནས་བདེན་དཔང་ལེན་པ་སོགས་ཐབས་ལམ་སྣ་ཚོགས་ལ་བརྟེན་ཏེ་གྱོད་གཞིའི་འབྱུང་རྐྱེན་དང་བརྒྱུད་རིམ་སོགས་ལ་དབྱེ་ཞིབ་ཕྲ་ཞིང་ཞིབ་པ་བྱས། 

 

འདུམ་སྒྲིག་པ་ཡུལ་དངོས་སུ་ཕྱིན་ཏེ་གནས་ཚུལ་ལ་རྒྱུས་ལོན་བྱེད་བཞིན་པའི་རྣམ་པ།

          འདུམ་སྒྲིག་བྱེད་སྐབས་སུ་འགལ་འདུམ་ལྟེ་གནས་ཀྱིས་སྡེ་བ་གཉིས་ཀྱི་འགལ་བ་གཙང་སེལ་བྱས་ནས་རྗེས་ཕྱོགས་སུ་འགལ་བ་འདི་རིགས་གཏན་འགོ་བྱ་ཆེད། སྡེ་བ་གཉིས་ཀྱི་འཐུས་མི་ལ་བརྩེ་བས་སློབ་གསོ་དང་དྲང་བའི་གནས་ལུགས་བཤད་དེ། རྒྱུ་མཚན་ཡང་དག་ངོ་སྤྲད་ནས། ཁྲིམས་ཀྱི་བདེན་ལུགས་གསལ་བཤད་བྱས་ཤིང་། དོ་བདག་ཕྱོགས་གཉིས་ལ་བསམ་པའི་སློབ་གསོ་བཏང་། ཉིན12ཀྱི་རིང་ལ་འདུམ་སྒྲིག་པས་བརྩོན་པ་ལྷོད་མེད་བྱས་ནས། སེམས་ཞིབ་མོས་ཁྲིམས་དང་གནས་ལུགས་ངོ་སྤྲད་པ་དང་། སེམས་སྣེར་སེམས་མཐུན་ནས་སློབ་གསོ་བཏང་སྟབས། དོ་བདག་ཕྱོགས་གཉིས་ཀྱིས་ལོ་རྒྱུས་ལ་བརྩི་བཀུར་དང་དངོས་ཡོད་ལ་རྐང་འཛུགས་པའི་དགོས་གལ་རྟོགས་ཤིང་། མཐུན་ན་དར་ཞིང་འགལ་ན་རྒུད་པའི་གནས་ལུགས་ངོ་འཕྲོད་ནས་ཕན་ཚུན་ལ་བཟོད་གསོལ་ཞུས་ཏེ་མཇུག་མཐའི་གྲོས་འཆམ་བྱུང་ལ། ཕྱོགས་གཉིས་ཀས་དམངས་སྲོལ་ལྟར་ཏུ་ཕན་ཚུན་ལ་ཁ་བཏགས་འཐེན་ཞིང་ལག་འཇུ་བྱས་ནས་གྱོད་འགྲིག དེ་ལྟར་རྨོ་འདེབས་ལས་བྱུང་བའི་འགལ་བ་ཞིག་ལེགས་པར་བསྡུམས་སྟེ། ཐང་མགོ་གྲོང་རྡལ་གྱི་སྡེ་བ17རབ་ལ་གནས་པའི་གནད་དོན་དཀྱུས་གཅིག་ཏུ་སེལ་བས། རྒྱ་ཆེའི་མང་ཚོགས་ཀྱིས་འགལ་འདུམ་མི་སྣའི་འགལ་འཁུར་ཞིང་དང་ལེན་བྱེད་པ་དང་། བརྩེ་བས་འདུམ་པའི་བྱེད་སྟངས་ལ་བསྟོད་པའི་མཐེ་བོང་ཡང་ཡང་བསྒྲེངས། 

          ཡང་རྒྱུས་ལོན་བྱུང་བ་ལྟར་ན།  ཟླ6པའི་ཚེས18ཉིན་ལ། ཐུན་ཏེ་རྫོང་ཞོལ་མ་མངག་གཏོང་ཁང་གིས་ཐུན་ཏེ་རྫོང་འགལ་འདུམ་ལྟེ་གནས་ལ་ཁ་པར་བཏང་ནས་མཉམ་དུ་རྙོག་དྲ་ཆེ་བའི་གཉེན་དོན་གྱོད་གཞི་ཞིག་འདུམ་པའི་རེ་འདུན་ཞུས། ལོ་ལྔ་བཅུ་ལྷག་ལ་བུད་པའི་བཟའ་ཟླ་གཉིས་བར་ལ་རྩོད་གཞི་རྒྱུན་མི་འཆད་པར་བྱུང་། བྱིས་པ་འཚར་ལོངས་བྱུང་ནས་འབྲིང་རིམ་སློབ་གྲྭར་འགྲོ་བཞིན་ཡོད་ན་ཡང་། ཁྱིམ་བདག་གིས་ཆང་འཐུང་རྗེས་རྒྱུན་པར་ཆུང་མར་གཅར་རྡུང་དང་བརྙས་བཅོས་ཚད་མེད་བྱས་རྐྱེན། རྒྱུན་ལྡན་གྱི་འཚོ་བ་ཞིག་རོལ་མི་ཐུབ་པར་ཁྱིམ་ཚང་ཁ་ཆག་སྣ་རལ་དུ་འགྱུར་ཉེན་ཡོད་པས། ཞང་དང་སྡེ་བ་རིམ་པའི་འདུམ་སྒྲིག་ཁང་གིས་ལོ་དུ་མའི་རིང་དུ་ཐེངས་གང་མང་ལ་འདུམ་སྒྲིག་བྱས་ཀྱང་ཁྱིམ་བདག་གིས་རང་གི་སྤྱོད་ལམ་ལ་འགྱུར་བ་སྤུ་ཙམ་ཡང་མ་བཏང་བར་སྔར་བཞིན་ཁྱིམ་མིར་དྲག་སྤྱོད་སྤེལ།

 

འགལ་བ་འདུམ་འགྲིག་བྱུང་རྗེས་སུ་བཀའ་དྲིན་མཚོན་པའི་ཁ་བཏགས་འཐེན་པའི་རྣམ་པ།

          ཐུན་ཏེ་རྫོང་འགལ་འདུམ་ལྟེ་གནས་ཀྱི་ལས་བྱེད་མི་སྣ་རྡོ་རྗེ་ཚེ་རིང་གིས།  “ཐེངས་འདིར་ང་ཚོས་ཉེན་འདུམ་མཉམ་འབྲེལ་བྱས་ནས་མངག་གཏོང་ཁང་གི་ལས་བྱེད་པ་དང་མཉམ་དུ་ཕྱོགས་གཉིས་ལ་སེམས་རྩ་ཁོལ་པོའི་ངང་ནས་ཁྲིམས་ལུགས་སློབ་གསོ་དང་། སེམས་སྣེར་སེམས་མཐུད་པའི་ཀུན་སྤྱོད་སློབ་གསོ་བཏང་ནས། བཟའ་མགོ་འཛོམས་ན་བདེ་སྐྱིད་དང་ཁྱིམ་ཚང་འཐོར་ན་སྡུག་བསྔལ་ཡིན་པ་ཤེས་སུ་བཅུག་ནས། མིག་སྔར་གྱི་ཡོད་ཚད་ལ་གཅེས་འཛིན་དང་བྱིས་པར་གཅེས་སྐྱོང་བྱེད་དགོས་པའི་སློབ་གསོ་གང་མང་བཏང་། འདུམ་སྒྲིག་པས་སེམས་ཞིབ་མོས་སློབ་གསོ་བཏང་རྐྱེན་ཁྱིམ་བདག་དེ་ཡང་རང་གི་སྔར་བྱས་ཀྱི་ལས་ལ་འགྱོད་པ་དྲག་པོ་སྐྱེས་པ་དང་། མིག་ནས་མཆི་མ་འཐོར་བཞིན་ཆུང་མར་ཕྱིར་འགྲིག་རྒྱུ་རེ་འདུན་བཏོན་པར་མ་ཟད། ད་ནས་བཟུང་རང་སྐྱོན་ཡོད་ཚད་བསྒྱུར་ནས། མི་རྣམ་དག་ཞིག་བྱེད་པ་དང་། ཆང་དང་དྲག་སྤྱོད་གཅོད་པའི་དམ་བཅའ་ཕུལ”ཅེས་གསར་འགོད་པར་འདུམ་འགྲིག་གི་གནས་ཚུལ་ཞིབ་ཕྲའི་སྒོ་ནས་བཤད་བྱུང་།  ཆུང་མས་ཀྱང་ཁོའི་སྔར་བྱས་ཀྱི་ལས་ལ་གུ་ཡངས་བཏང་ནས་བྱིས་པ་ཚོས་ཁྱེད་དུ་བཟའ་ཚང་ཡང་བསྐྱར་འགྲིག་རྒྱུ་ཁས་བླངས་ལ། བཟའ་ཟླ་གཉིས་ཀྱིས་སེམས་འགུལ་ཐེབས་པའི་མཆི་ལ་ཤར་ཤར་ཏུ་འབབ་བཞིན་འདུམ་སྒྲིག་པར་བཀའ་དྲིན་མཚོན་བྱེད་ཀྱི་དྲི་མེད་ཁ་བཏགས་འཐེན། 

          འཁྱམ་པོས་བསམ་པ་རྙེད་ན་གསེར་སྲང་སྟོང་གིས་མི་ཁུག་ཟེར་བ་ལྟར།  ཐུན་ཏེ་རྫོང་འདུམ་འགྲིག་ལྟེ་གནས་ཀྱི་འདུམ་སྒྲིག་པ་ཚོས་དུས་དང་རྣམ་པ་ཀུན་ཏུ་སེམས་རྩ་ཁོལ་པོའི་ངང་ནས་སློབ་གསོ་དང་འདུམ་སྒྲིག་བྱེད་ཐབས་སྣ་ཚོགས་ལ་བསྟེན་ནས་གས་ཆགས་སུ་གྱུར་བའི་ཁྱིམ་ཚང་ཞིག་བསྐྱར་ཏུ་བདེ་སྐྱིད་ཀྱི་དྲོད་ལ་བཀོད་ཅིང་། བརྩེ་བའི་བསུང་ཞིམ་དབྱར་མགོ་མའི་རླུང་བུ་དང་འགྲོགས་ནས་མཛེས་སྡུག་གི་རི་ཆུ་ལ་མཚར་སྡུག་གསར་བ་བསྣན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1