༄༅།། སྔུར་བ་འཐེན་པ་ནི་གཉིད་བདེ་བའི་ རྟགས་ཡིན་ནམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། སྤེལ་དུས། 08-04


        སྔུར་བ་འཐེན་པ་ནི་འཚོ་བའི་ཁྲོད་ཀྱི་རྒྱུན་མཐོང་གི་སྣང་ཚུལ་ཞིག་ཡིན་ཞིང་། མི་མང་པོས་དེ་ནི་གཉིད་བདེ་བའི་རྟགས་ཡིན་པར་འདོད། ཡིན་ནའང་། སྔུར་བ་འཐེན་པ་ལ་གནོད་པའི་རང་བཞིན་ཧ་ཅང་ཆེ་ཞིང་། དེ་ནི་བདེ་ཐང་གི་དགྲ་བོ་ཆེན་པོ་ཞིག་ཡིན།


 གཅིག གཉིད་དུས་སྔུར་བ་འཐེན་དོན་ཅི་ཡིན་ནམ།

        སྔུར་བ་འཐེན་པ་ནི་དབུགས་ལམ་ཇེ་དོག་ཏུ་གྱུར་པའི་དབང་གིས་ཡིན། སྤྱིར་བཏང་དུ་བཤད་ན། དེ་ལ་སྐྱེ་ལུགས་རང་བཞིན་དང་ནད་ལུགས་རང་བཞིན་གྱི་རྒྱུ་རྐྱེན་ཕྱོགས་གཉིས་ཡོད་དེ།

        ཀ ཚོན་པོ་ཡིན་པ་ནི་རྒྱུན་མཐོང་གི་སྐྱེ་ལུགས་རང་བཞིན་གྱི་རྒྱུ་རྐྱེན་ཞིག་ཡིན་པ་དང་། མི་ཚོན་པོ་ཅན་གྱི་མིད་པའི་གནས་སུ་ཚིལ་མང་པོ་ཡོད་པ་ལས། དབུགས་ལམ་ཇེ་དོག་ཏུ་གྱུར་པ་དང་། དེ་ནས་སྔུར་བ་འཐེན་པ་ཡིན།

        ཁ ནད་ལུགས་རང་བཞིན་གྱི་རྒྱུ་རྐྱེན་ལ། མང་ཤོས་ནི་སྣ་གྲེའི་ནད་རིགས་ལས་བསྐྱེད་པ་ཡིན་ཞིང་། དཔེར་ན་སྣའི་ཤ་ལུ་དང་ལྐོག་རྨེན་སྐྲངས་པ། དལ་གཤིས་གྲེ་བའི་ཚ་ནད་སོགས་ཀྱིས་སྣ་དང་མིད་པ་ཇེ་དོག་ཏུ་བཏང་བ་ལས། གཉིད་དུས་སྔུར་བ་འཐེན་པར་བྱེད་པ་ཡིན།

        གཞན་ད་དུང་ལུས་པོ་ངལ་དུབ་ཆེ་བ་དང་། ཐ་མག་འཐེན་པའམ་ཡང་ན་ཆང་འཐུངས་རྗེས་གཉིད་པ་ཡིན་ནའང་། སྣ་བ་དང་མིད་པའི་ཤ་གནད་ལྷོད་དེ་སྔུར་བ་འཐེན་པ་སྐྱེད་པའམ་ཡང་ན་ཇེ་སྡུག་ལ་གཏོང་བ་ཡིན།

 གཉིས། སྔུར་བ་འཐེན་པ་ལ་གནོད་འཚེ་ཅི་ཡོད་དམ།

        སྔུར་བ་འཐེན་པ་ཡིན་ན། ཀླད་པ་དང་སྙིང་གི་ཁྲག་རྩའི་གློ་བུར་ཉེན་ཁ་ཇེ་ཆེ་ལ་འགྲོ་བར་མ་ཟད། ད་དུང་མིའི་དྲན་པ་ཇེ་ཞན་དང་ཚུར་སྣང་ཇེ་དལ་ལའང་འགྲོ་བ་ཡིན།

        སྔུར་བ་འཐེན་པ་ཚབས་ཆེ་ན། ད་དུང་དབུགས་ཀྱི་འབྱིན་རྔུབ་གནས་སྐབས་སུ་འགགས་པའི་གནས་ཚུལ་ཡང་འབྱུང་། གལ་ཏེ། དབུགས་ཀྱི་འབྱིན་རྔུབ་འགགས་ན། ཀླད་པ་དང་སྙིང་གི་ཁྲག་རྩའི་ནད་རིགས་འབྱུང་སླ་བ་དང་། ཐ་ན་གཉིད་པའི་སྐབས་གློ་བུར་དུ་ཚེ་ལས་འདས་ཀྱང་སྲིད་པ་ཡིན།

 གསུམ། སྔུར་བ་འཐེན་པ་ལ་སྔོན་འགོག་བྱེད་ཐབས་གང་དག་ཡོད་དམ།

        ཀ འཚོ་བ་རོལ་སྟངས་སྒྱུར་བ་སྟེ། དཔེར་ན་ཆང་མི་འཐུང་བ་དང་ཐ་མག་མི་འཐེན་པ། ཉལ་སྟངས་བརྗེ་དགོས།

        ཁ ཉལ་བའི་སྔོན་ལ། ཟ་མ་རྒྱགས་ཆད་པ་ཞིག་མི་ཟ་བ་དང་། ལྷག་པར་དུ་ཕོ་བ་དང་རྒྱུ་ལམ་ནས་ལྡོག་བཞུར་གྱི་ནད་ཡོད་པའི་ལོ་ལོན་ཚོས་སྔས་མགོ་འོས་འཚམ་ངང་ཇེ་མཐོ་ལ་བཏང་ནས་ཟ་མ་ལྡོག་བཞུར་བྱས་པ་ལས་གློ་ལུ་བྱེད་པ་དང་ལྡོག་བཞུར་དངོས་པོ་ཕྱིར་རྔུབ་པ་ལ་གཡོལ་དགོས།

        ག ཉལ་བའི་སྔོན་ལ་ལྷོད་འཇགས་གཉིད་ཡོང་གི་སྨན་སོགས་སྤྱོད་རྒྱུ་ཇེ་ཉུང་དུ་གཏོང་བ་དང་། ལྷག་པར་དུ་དལ་གཤིས་འགག་པའི་རང་བཞིན་གྱི་གློ་ནད་དམ་ཡང་ན་ཀླད་པའི་ཁྲག་རྩའི་ནད་རིགས་བྱུང་མྱོང་མཁན་ཡིན་ན། དབུགས་ལེན་སྙོམ་སྦྱོར་ལ་ཚོད་འཛིན་བྱེད་པ་ཇེ་ཆེར་འགྲོ་བ་ལ་གཡོལ་དགོས།

        ང མི་ཚོན་པོ་ཅན་གྱིས་བཟའ་བཏུང་ལ་ཚོད་འཛིན་བྱས་ཏེ་ལུས་པོ་སྦྱོང་བརྡར་བྱེད་པ་ཇེ་མང་དུ་གཏང་དགོས། ལུས་པོའི་ལྗིད་ཚད་ཇེ་ཡང་དུ་སོང་ན། ད་གཟོད་དབུགས་ལམ་གནོན་ཤུགས་ཀྱི་གནད་དོན་རྩ་བ་ནས་ཐག་གཅོད་བྱེད་ཐུབ།

        ཅ ལོ་ལོན་གྱིས་ཁྲག་ཤེད་ཚད་འཇལ་ལ་མཐོང་ཆེན་བྱས་ཏེ་དུས་ལྟར་ཁྲག་ཤེད་མར་འབབ་པའི་སྨན་འཐུངས་ནས་སྙིང་རྩ་འགགས་པ་དང་གློ་བུར་དུ་ཚེ་ལས་འདས་པ་སོགས་འབྱུང་བ་ལ་སྔོན་འགོག་བྱ་དགོས།

        ཆ སྔུར་འཐེན་ནད་ཡོད་མཁན་གྱིས་ཆམ་པ་འབྱུང་བ་ལ་སྔོན་འགོག་བྱ་དགོས་པར་མ་ཟད། ད་དུང་དུས་ཐོག་ཏུ་སྣ་ཁུང་འགག་པའི་རང་བཞིན་གྱི་ནད་རིགས་ལ་སྨན་བཅོས་ཀྱང་བྱ་དགོས།

        ཇ སྔུར་བ་འཐེན་པ་ཚབས་ཆེ་ན། སྨན་ཁང་དུ་ཕྱིན་ཏེ་གཉིད་དུས་ཀྱི་དབུགས་ལེན་གནས་ཚུལ་ལ་ལྟ་ཞིབ་ཚད་འཇལ་བྱེད་པ་དང་། དེ་ནས་མཇུག་འབྲས་ཅི་ཡིན་ལ་གཞིགས་ཏེ་འབྲེལ་ཡོད་སྨན་བཅོས་བྱས་ན་བཟང་བ་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1