མཉམ་འགུལ་ལ་བརྟེན་ནས་གསོན་ཤུགས་འཕེལ་བ་དང་ལེགས་ཆ་གསར་པ་མཉམ་དུ་གཏོད་པར་འབད།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 08-08




ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་འཁོར་རྒྱ་བསྐྲུན་རྒྱུར་སྐུལ་འདེད་བརྟན་པོ་བཏང་བ། 

 

འདི་ག་ཚགས་པར་གྱི་གསར་འགོད་པ། ལིན་ཀྲི་པོ་དང་། ཝང་པིང་ལའེ། ཚུའེ་ཅ། ཝང་མིན་ཧྥུང་།


         རླངས་འཁོར་ཐོན་ལས་སྐོར་ལ་སུ་ཞིག་རྒྱ་སྟོབས་ཆེན་པོ་ཡོད་དམ་ཞེ་ན། ལྷོ་ནུབ་ས་ཁུལ་དུ་ཁྲུང་ཆིང་གྲོང་ཁྱེར་དང་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་གཉིས་ཀར་སྐད་གྲགས་ཆེ་བའི་སྤུས་རྟགས་ཡོད་ཅིང་། ཁྲུང་ཆིང་གི་ཁྲང་ཨན་དང་ལི་ཧྥན་སོགས་སྤུས་རྟགས་གྲགས་ཅན་དུས་རབས་གོང་མའི་ལོ་རབས་90པར་རྒྱལ་ཡོངས་ཀྱི་ཡུལ་གྲུ་ཀུན་ཏུ་སྐད་གྲགས་ཆེན་པོ་ཆོད་ཡོད། ཉེ་བའི་ལོ་10ཡི་རིང་། རླངས་འཁོར་ཚོགས་པ་དང་པོའི་ཏཱ་ཀྲུང་དང་། ཝོར་ཝོ། པོ་ཧྲི་སོགས་ཀྱི་སྤུས་རྟགས་སྔ་རྗེས་སུ་ཁྲེང་ཏུའུ་གྲོང་ཁྱེར་དུ་གཞིས་ཆགས་ནས་རླངས་འཁོར་ཐོན་ལས་མཉམ་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཐེབས་ཡོད། བར་མཐོངས་དང་བར་ཐག་ཉེ་པོ་དེ་འདྲ་ཡོད་པའི་དབང་གིས་སི་ཁྲོན་དང་ཁྲུང་ཆིང་ས་ཁུལ་གཉིས་པོའི་ལོ་རེའི་རླངས་འཁོར་ཐོན་སྐྱེད་བྱེད་ཚད་ཁྲི་300ལྷག་ཙམ་ཟིན་ཞིང་། ཇི་ལྟར་བྱས་ཏེ་མཉམ་དུ་འཕེལ་རྒྱས་གཏོང་རྒྱུ་དེ་རིམ་བཞིན་ཉིན་རེའི་གྲོས་རིམ་ནང་བཀོད་ཡོད།

        ད་ཕན་ལོ་གཉིས་རིང་། ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་འཁོར་རྒྱ་བསྐྲུན་རྒྱུར་སྐུལ་འདེད་བརྟན་པོ་ཐེབས་ནས་མཉམ་དུ་འཕེལ་རྒྱས་གཏོང་བ་དང་མཉམ་དུ་ལེགས་ཆ་གཏོད་རྒྱུ་དེ་ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་ཀྱི་རླངས་འཁོར་ཐོན་ལས་ཀྱི་སྒུལ་ཤུགས་གསར་པར་གྱུར་ཡོད། ཁྲུང་ཆིང་ཁེ་ལས་ཀྱིས་ཐོན་སྐྱེད་བྱས་པའི་རླངས་འཁོར་གྱི་ཐོག་ཁུང་དང་རྐང་གདན་སོགས་ཀྱི་ཐོན་རྫས་མང་པོ་རླངས་འཁོར་ཚོགས་པ་དང་པོའི་ཏཱ་ཀྲུང་ཁྲེང་ཏུའུ་ཡན་ལག་ཀུང་སིའི་རླངས་འཁོར་ཆ་ཚང་ཐོན་སྐྱེད་སྒྲུབ་རིམ་ནང་སྤྱད་པ་དང་། ཁྲེང་ཏུའི་ཁེ་ལས་ཀྱིས་ཐོན་སྐྱེད་བྱས་པའི་རླངས་འཁོར་གྱི་སྤེལ་རྒྱུག་གློག་འདོན་འཕྲུལ་འཁོར་དང་ཆར་ཕྱིད་གློག་སྒུལ་འཕྲུལ་ཆས་སོགས་ཀྱི་ཐོན་རྫས་མང་པོ་ཁྲུང་ཆིང་ཁྲང་ཨན་ཧྥུའུ་ཐེ་རླངས་འཁོར་ཚད་ཡོད་ཀུང་སིའི་རླངས་འཁོར་སྣ་ཚོགས་ལ་རྒྱ་ཁྱབ་ཏུ་སྤྱད་ཡོད།

        གྲངས་གཞི་གསར་ཤོས་ལས་མངོན་གསལ། ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་སུ་ལྷུ་ལག་ཁེ་ལས་130ཡོད་པ་དེ་དག་ཕན་ཚུན་གྱི་རླངས་འཁོར་ཆ་ཚང་གི་ལེ་ལག་ནང་མཉམ་འདྲེས་ཐུབ་ཡོད་ཅིང་། སི་ཁྲོན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཀྲེང་པེས་ངོ་སྤྲོད་བྱས་དོན། སི་ཁྲོན་ཞིང་ཆེན་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་ཀྱིས་ཆ་འཕྲིན་འཁོར་འབྲེལ་ཤར་གཏོང་དང་། ཐོན་ལས་འཁོར་འབྲེལ་གྱི་སྤུས་ཚད་མཐོར་གཏོང་། གསར་གཏོད་འཁོར་འབྲེལ་མཉམ་འདྲེས། མཁོ་སྤྲོད་འཁོར་འབྲེལ་མཉམ་སྤྱོད། རིན་ཐང་འཁོར་འབྲེལ་བསྡུ་སྒྲིལ་བཅས་བྱས་ནས་རླངས་འཁོར་ཐོན་ལས་མཉམ་ལས་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་སྒོར་དུང་ཕྱུར་ཁྲི་རིམ་པའི་ཐོན་ལས་ཚོགས་པ་མཉམ་དུ་གཏོད་བཞིན་ཡོད།

        2020ལོའི་ཟླ་དང་པོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དྲུག་པ་གཙོ་སྐྱོང་གནང་སྐབས། ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་པོའི་དཔལ་འབྱོར་འཁོར་རྒྱ་བསྐྲུན་རྒྱུ་ནི་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་ཡིན་པས། རྩེ་རིམ་ཇུས་འགོད་དང་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། ལྟེ་བའི་གྲོང་ཁྱེར་གྱི་སྐུལ་ཁྲིད་ནུས་པ་མངོན་གསལ་དོད་པོ་ཡོང་བར་བྱེད་པ། རྒྱུ་རྐྱེན་གཙོ་བོའི་ཁྲོམ་ར་ཅན་གྱི་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། གཞི་གཅིག་ཅན་གྱི་འཕེལ་རྒྱས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ནས། གཅིག་གྱུར་ཇུས་འགོད་དང་། སྡེབ་གཅིག་ལ་བཀོད་སྒྲིག ཕན་ཚུན་མཉམ་སྒྲུབ། ཐུན་མོང་ལག་བསྟར་བཅས་ཀྱིས་གྲོང་ཁྱེར་གཉིས་པོའི་རླངས་འཁོར་ཐོན་སྐྱེད་ཀྱི་ལས་དོན་ལེགས་པར་སྒྲུབ་དགོས་པའི་ནན་བཤད་གནང་ཡོད།

        ལོ་གཉིས་ལྷག་ཙམ་རིང་སི་ཁྲོན་ཞིང་ཆེན་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་པོས“བསམ་ཇུས་གཅིག”གི་བསམ་གཞིག་དང་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཀྲུང་དབྱང་གི་རྩེ་རིམ་ཇུས་འགོད་ལ་དམ་པོར་དམིགས་ནས“ཨར་ལས་ས་བཀྲ”མཉམ་དུ་བཟོ་བ། ཐོན་ལས་དང་། རྨང་གཞིའི་སྒྲིག་བཀོད། སྤྱི་པའི་ཞབས་ཞུ་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་མཉམ་ལས་དམ་ཟབ་དང་གཞོགས་འདེགས་ཧུར་ཐག་བྱས་པ་བརྒྱུད་འཕེལ་རྒྱས་ཀྱི་རྣམ་པ་དང་། གསར་གཏོད་ཀྱི་འགུལ་ནུས། མཉམ་འདྲེས་རྒྱུན་འཁོར་སོགས་ཀྱི་ཐད་མིག་མཐོང་ལག་ཟིན་གྱི་དགའ་འོས་པའི་འགྱུར་ལྡོག་མང་པོ་བྱུང་ཡོད།

        སྟོབས་ཤུགས་གཅིག་སྒྲིལ་གྱིས་ཐོན་ལས་རིམ་སྤོར་བྱས་ཤིང་། སི་ཁྲོན་ཞིང་ཆེན་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་པོས་ས་ཁོངས་ཀྱི་ཐོན་སྐྱེད་ནུས་ཤུགས་གལ་ཆེན་གྱི་བཀོད་ཇུས་ལེགས་སུ་གཏོང་བར་སྤྱི་འདོམས་བྱེད་པ་དང་། རླངས་འཁོར་དང་། གློག་རྡུལ་ཆ་འཕྲིན། སྒྲིག་ཆས་བཟོ་སྐྲུན་སོགས་ཀྱི་ཐོན་ལས་མཉམ་སྒྲུབ་འཕེལ་རྒྱས་ཀྱི་ལག་བསྟར་ཇུས་གཞི་སྔ་རྗེས་སུ་བཏོན་ནས། གསར་གཏོད་འཁོར་འབྲེལ་དང་། ཐོན་ལས་འཁོར་འབྲེལ། མ་དངུལ་འཁོར་འབྲེལ། རིན་ཐང་འཁོར་འབྲེལ་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་སྟེ་ནུས་ཆེའི་ལས་བགོས་དང་། ཐབས་སྒྱུར་འཕེལ་རྒྱས། རིམ་ལྡན་འགྲན་རྩོད། ཕན་ཚུན་མཉམ་འདྲེས་བཅས་ཀྱི་དེང་རབས་ཐོན་ལས་ཀྱི་མ་ལག་ཅིག་བསྐྲུན་ཡོད། 2021ལོར་སི་ཁྲོན་ཞིང་ཆེན་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་པོས་གློག་རྡུལ་ཆ་འཕྲིན་ཐོན་ལས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི་2ཀྱི་འགག་སྒོ་ཆེན་པོ་ལས་སྒྲོལ་བ་དང་། རླངས་འཁོར་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་7000ཙམ་ཟིན་ནས་སྒྲིག་ཆས་བཟོ་སྐྲུན་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད།

        “ན་ནིང་ནས་ད་བར། ང་ཚོས་ཁྲང་ཁྲེང་རླངས་འཁོར་ཁྲུང་ཆིང་ཡན་ལག་ཀུང་སིར་སྒོར་ཁྲི་900ཙམ་རི་བའི་རླངས་འཁོར་ལྷུ་ལག་མཁོ་འདོན་བྱས་ཡོད”ཅེས་ཁྲེང་ཏུའུ་ཤིས་ལིང་སྒུལ་ཤུགས་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིའི་ལག་རྩལ་ལྟེ་གནས་རྣམ་གྲངས་པུའི་པུའུ་ཀྲང་ཀའོ་རུང་ཉིང་གིས་དེ་ལྟར་བརྗོད་པ་དང་། ཁོང་གིས་དེ་ནི་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གཉིས་པོའི་དཔལ་འབྱོར་འཁོར་རྒྱ་བསྐྲུན་པ་ལས་ཕན་པ་ཐོབ་པ་ཞིག་རེད། ཀུང་སིས་ཁྲུང་ཆིང་གི་ཁེ་ལས་དེ་བས་མང་བར་ལེ་ལག་ཚང་བའི་ཐོན་རྫས་མཁོ་འདོན་བྱེད་བཞིན་ཡོད་ཅེས་བརྗོད།

        ཐོན་ཁུངས་མཉམ་སྤྱོད་ཀྱིས་ཚན་རྩལ་གསར་གཏོད་ཧུར་ཐག་བྱས་ཤིང་། རྒྱལ་ཡོངས་སུ་ཤུགས་རྐྱེན་ནུས་པ་ལྡན་པའི་ཚན་རྩལ་གསར་གཏོད་ལྟེ་གནས་བསྐྲུན་རྒྱུའི་དམིགས་ཚད་ལ་གཞིགས་ནས། སི་ཁྲོན་ཞིང་ཆེན་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་པོས་ནུབ་རྒྱུད་ཚན་རིག་གྲོང་དང་རྒྱལ་ཁབ་ཀྱི་རབས་གསར་པའི་མི་ཐབས་རིག་ནུས་གསར་གཏོད་འཕེལ་རྒྱས་ཚོད་ལྟ་ཁུལ་གྱི་རྣམ་གྲངས་འཛུགས་སྐྲུན་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་ནས་ཚན་རྩལ་གྱི་རྨང་གཞིའི་ཐོན་ཁུངས་དང་། ཚན་ཞིབ་ཡོ་ཆས་ཆེ་གྲས། རིག་ནུས་ནང་འདྲེན་གྱི་གྲུབ་འབྲས་མཉམ་སྤྱོད་ལམ་སྲོལ་བཅས་རྒྱུན་མཐུད་ངང་འཐུས་སྒོ་ཚང་དུ་བཏང་ཞིང་། ཁྲུང་ཆིང་གྲོང་ཁྱེར་ཚན་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་མུའུ་ཞའོ་ཡུན་གྱིས་ངོ་སྤྲོད་བྱས་དོན། 2020ལོ་ཚུན། སི་ཁྲོན་ཞིང་ཆེན་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་པོས་མཉམ་དུ་གཙོ་གནད་ཚོད་ལྟ་ཁང་5གསར་དུ་བསྐྲུན་ནས་དྲ་ཐོག་ཚན་རྩལ་ཐོན་ཁུངས་མཉམ་སྤྱོད་ཞབས་ཞུའི་ལས་སྟེགས་བསྐྲུན་པ་དང་ས་གནས་གཉིས་པོའི་ཡོ་ཆས་དང་སྒྲིག་ཆས་ཆེ་གྲས་10001བསྡུ་སྒྲིལ་དང་སྒོ་དབྱེ་བྱས་པར་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་92.27ཙམ་ཟིན་ཡོད།

        སྒྱུར་བཅོས་བྱེད་རྒྱ་ཆེ་རུ་བཏང་ནས་སྡེབ་གཅིག་ལ་འཕེལ་རྒྱས་བཏང་ཞིང་། སི་ཁྲོན་ཞིང་ཆེན་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་པོས་ཡུལ་བབ་དང་བསྟུན་ནས་དཔལ་འབྱོར་ཁུལ་དང་སྲིད་འཛིན་ཁུལ་འོས་འཚམ་ལོགས་དབྱེའི་སྒྱུར་བཅོས་ཐབས་ལམ་འཚོལ་ཞིབ་དང་། ཕན་ཚུན་མཉམ་ལས་དང་། གླིང་ཁུལ་མཉམ་སྐྲུན། ས་གྲོལ་དཔལ་འབྱོར་སོགས་ཀྱི་བྱ་ཐབས་གསར་གཏོད། མཉམ་སྐྲུན་མཉམ་སྤྱོད་ཀྱི་སྤྱི་པའི་ཐོན་ཁུངས་བཀོད་སྒྲིག་ལམ་སྲོལ་དང་། ལས་བགོས་མཉམ་སྒྲུབ་ཀྱི་ཐོན་ལས་མཉམ་ལས་ལམ་སྲོལ། ས་ཆ་གཞན་དུ་ཀུན་སྒྲུབ་ཀྱི་སྲིད་དོན་ཞབས་ཞུའི་ལམ་སྲོལ་འཚོལ་ཞིབ་བཅས་བྱས་ཏེ་འབྲེལ་བ་དེ་བས་ཟབ་པའི་འཕེལ་རྒྱས་ཀྱི་གཅིག་མཐུན་འདུས་གྲུབ་ཆགས་པར་བྱས་ཡོད། སི་ཁྲོན་ལྷོ་རྒྱུད་དང་ཁྲུང་ཆིང་ནུབ་རྒྱུད་མཉམ་འདྲེས་འཕེལ་རྒྱས་ཚོད་ལྟ་ཁུལ་དང་། སི་ཁྲོན་དང་ཁྲུང་ཆིང་གི་ཀའོ་ཀྲུའུ་ཁུལ་གསར་སོགས་ས་སྦྲེལ་ས་ཁུལ་10ཡི་མཉམ་ལས་བྱེད་ནུས་ལས་སྟེགས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས“ཁྲོམ་རར་འཇུག་འཐུས་ཡུལ་གཞན་དུ་ཚད་གཞི་གཅིག་མཚུངས”དང་ཁྲལ་བསྡུ་དོ་དམ་གཞི་གཅིག་ཅན་སོགས་འཚོལ་ཞིབ་བྱེད་མགྱོགས་སུ་བཏང་ཡོད།

        འཕེལ་རྒྱས་མགྱོགས་མྱུར་ཡོང་བར་སྐུལ་འདེད་བཏང་ནས་གྲུབ་འབྲས་གང་མགྱོགས་ཐོབ་པར་བྱས་ཤིང་། ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་པོའི་དཔལ་འབྱོར་འཁོར་རྒྱ་བསྐྲུན་པར་རིམ་བཞིན་ནུས་པ་ཐོན་ཞིང་། 2021ལོར་ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་པོའི་དཔལ་འབྱོར་འཁོར་རྒྱར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་7.39ལྷག་ཙམ་ཟིན་པ་དེ་དུས་མཚུངས་ལས་8.5%འཕར་ནས། རྒྱལ་ཡོངས་སུ་བསྡུར་གྲངས་6.5%ཟིན་པ་དང་ནུབ་རྒྱུད་ས་ཁུལ་དུ་བསྡུར་གྲངས་30.8%ཟིན་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1