སི་ཁྲོན་གྱིས་ནུས་ཤུགས་ཡོད་རྒུས་རྣམ་གྲངས་ལ་དམ་འཛིན་དང་། མ་འཇོག་ལ་སྐུལ་འདེད། དཔལ་འབྱོར་བརྟན་པོ་ཡོང་བ་བཅས་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 10-12



འདི་ག་ཚགས་པར་གྱི་གསར་འགོད་པ། ལིན་ཀྲི་པོ་དང་ཝང་མིང་ཧྥེང་། 


         གྲལ་སྟར་འགྲིག་པའི་ཤེལ་གཟུགས་རྐྱང་པའི་ཐབ་འཁོར་རྒྱུག་མྱུར་པོ་བྱེད་པ་དང་། གྲང་མོ་བཟོས་རྗེས་གསར་དུ་ཐོན་པའི་ཤེལ་གཟུགས་རྐྱང་པའི་ཀུའེ་རྡོའི་དབྱུག་པ་ནས་འོད་མདངས་བཀྲ སི་ཁྲོན་ཞིང་ཆེན་ལེ་ཧྲན་གྲོང་ཁྱེར་ཅིང་ཡུན་ཐུང་རྒྱུ་ཆ་གསར་པ་ཚན་རྩལ་ཚད་ཡོད་ཀུང་སིའི་དུས་ཐེངས་དང་པོའི་ཅི་ཝ་12ཡོད་པའི་ཤེལ་གཟུགས་རྐྱང་པའི་དབྱུག་པ་གཏུབ་གཅོད་རྣམ་གྲངས་ནུས་ཤུགས་ཡོད་རྒུས་སྤེལ་བཞིན་འདུག

        “རྣམ་གྲངས་ཀྱི་དུས་ཐེངས་དང་པོའི་ལས་ཀ་ཚང་མ་སྤྱིའི་ཆ་ནས་ལེགས་གྲུབ་ཟིན་པས། ང་ཚོས་དུས་ཐེངས་གཉིས་པའི་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་སྔ་སྣུར་དུ་སྤེལ་ནས་ཇུས་འགོད་ཀྱི་དམིགས་ཚད་སྔ་ཙམ་ལེགས་གྲུབ་ཐུབ་པའི་བརྩོན་ལེན་བྱེད་ཀྱི་ཡོད” ལེ་ཧྲན་གྲོང་ཁྱེར་ཅིང་ཡུན་ཐུང་རྒྱུ་ཆ་གསར་པ་ཚན་རྩལ་ཚད་ཡོད་ཀུང་སིའི་རྒྱུན་ལས་སྤྱི་ཁྱབ་ཅིང་ལི་གཞོན་པ་ཀྲང་ཕེང་གིས་དུས་ཐེངས་གཉིས་པའི་རྣམ་གྲངས་འཛུགས་སྐྲུན་བྱེད་འགོ་ཚུགས་ཚུན“གྲོང་ཁྱེར་དང་ཆུས་རིམ་པ་གཉིས་ཀྱིས་གློག་དང་ལས་མི་བཀོལ་སྤྱོད་སོགས་ཀྱི་གནད་དོན་ལ་གཞོགས་འདེགས་ཡག་པོ་བྱས་ནས་ཐག་གཅོད་བྱེད་རོགས་བྱས་ཏེ་ང་ཚོར་འགན་ལེན་གང་ལེགས་བྱས་བྱུང”ཞེས་བཤད་པ་རེད།

        ཞབས་ཞུ་སྒྲུབ་འགོ་ཚུགས་པ་དང་། འཕྲུལ་འཁོར་སྤྱོད་འགོ་ཚུགས་པ། མངགས་ཐོ་མང་དུ་ཕྱིན་པ། འདི་ལོ་ཚུན། ལེ་ཧྲན་གྱིས་འབབ་འཕར་བརྟན་པོས་ཐོན་སྐྱེད་ལ་སྐུལ་འདེད་གཏོང་བ་དང་རྣམ་གྲངས་བརྩོན་ལེན་གྱིས་མ་འཇོག་བྱེད་རྒྱ་ཆེ་རུ་གཏོང་བའི་འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་བསྟུད་མར་བཏོན་ནས། རྣམ་གྲངས་ཀྱི་མ་འཇོག་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་དམ་འཛིན་བྱས་པས་ཐོན་སྐྱེད་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་དུ་ཕྱིན་པ་མ་ཟད། ཁྲོམ་རའི་བྱེད་པོའི་གདེང་ཚོད་ཀྱང་ཆེ་རུ་ཕྱིན་ཡོད་པ་རེད། འདི་ལོའི་ཟླ་དང་པོ་ནས་བརྒྱད་པའི་བར་གྲོང་ཁྱེར་ཡོངས་ཀྱི་ཤེལ་གཟུགས་ཀུའེ་རྡོའི་འོད་ཤུགས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་373.7ཟིན་པ་དེ་དུས་མཚུངས་ལས་ཆེས་ཆེར་འཕར་ཡོད་པ་རེད།

        རྣམ་གྲངས་འཛུགས་སྐྲུན་ཐད་ནུས་ཤུགས་ཡོད་རྒུ་བཏོན་པ་དང་ཁེ་ལས་ཀྱི་ཐོན་སྐྱེད་ཐད་ངར་ཤུགས་བསྒྲིམས་པ། སི་ཁྲོན་གྱི་ས་གནས་མང་པོར་སྐྱོད་སྐབས། སི་ཁྲོན་གྱི་ས་གནས་ཁག་གིས་ཐོན་སྐྱེད་དང་འཛུགས་སྐྲུན་ཐད་ངར་ཤུགས་བསྒྲིམས་ཤིང་། རྣམ་གྲངས་ལ་དམ་འཛིན་དང་མ་འཇོག་ལ་སྐུལ་འདེད་གཏོང་བའི་ཐད་འབད་བརྩོན་ཆེན་པོ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བཞིན་ཡོད་པ་རེད།

        “དུས་སྐབས་ཤིག་རིང་སི་ཁྲོན་ལ་དཀའ་ངལ་མང་པོ་དང་ཉེན་ཁ་སྣ་ཚོགས་འཕྲད་ནས་དཔལ་འབྱོར་བརྟན་པོའི་ངང་འཕར་རྒྱུར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད” སི་ཁྲོན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཀྲེང་པེ་ཡིས་རྣམ་གྲངས་གལ་ཆེན་གྱི་གཞོགས་གཅིག་དགོས་མཁོ་དང་འབྲེལ་ཡོད་པ་དང་གཞོགས་གཞན་དེ་མཁོ་སྤྲོད་དང་འབྲེལ་ཡོད་པས་ནུས་ལྡན་གྱི་དགོས་མཁོ་རྒྱ་ཆེར་གཏོང་བ་དང་། མཁོ་སྤྲོད་ཀྱི་གྲུབ་ཆ་ལེགས་སུ་གཏོང་བ། དཔལ་འབྱོར་འཕར་རྒྱུ་བརྟན་དུ་གཏོང་བ་བཅས་ཀྱི་ཐད་ནུས་པ་གལ་ཆེན་ལྡན་ཡོད། འགྲིམ་འགྲུལ་སྐྱེལ་འདྲེན་དང་། གྲོང་གསེབ་དར་རྒྱས། གྲོང་ཁྱེར་གསར་བརྗེས། གློག་ཤུགས་ནུས་རྒྱུ། ཐོན་ལས་འཕེལ་རྒྱས་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་རྣམ་གྲངས་གལ་ཆེན་ལ་དམིགས་ཏེ་སི་ཁྲོན་གྱིས་ཆེད་སྒྲུབ་ཚོགས་ཆུང་གིས་དམ་འཛིན་དང་དམ་འཛིན་མཐར་ཕྱིན་པ་བྱས་ནས་དེའི་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད་ཅེས་བཤད།

        སི་ཁྲོན་ཞིང་ཆེན་གྱི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཐན་ཧྥུའུ་རྒྱལ་སྤྱིའི་ཀོ་ཕིག་གྲོང་གི་ཨར་ལས་བྱ་ཡུལ་དུ་སྐྱོད་སྐབས། འཕྲུལ་ཆས་སྣ་ཚོགས་ཨར་ལས་ལ་བྲེལ་བཞིན་འདུག ཕྱོགས་ཡོངས་ནས་ལས་ཐོན་བསྐྱར་ཚུགས་མ་བྱས་གོང་ཁྲེང་ཏུའུ་གྲོང་ཁྱེར་ཁྲེང་ཧྭ་ཆུས་སུ་ཆེད་སྒྲུབ་ཚོགས་ཆུང་གཉིས་བཙུགས་ནས་ལས་ཐོན་བསྐྱར་ཚུགས་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་མཛུབ་ཁྲིད་བྱེད་རོགས་བྱས་པ་མ་ཟད། རྒྱུ་ཆ་མཁོ་འདོན་ཚོང་པ་དང་སྔ་སྣུར་དུ་འབྲེལ་མཐུད་བྱས་ཏེ་ཨར་ལས་མི་སྣ་ལས་ཀར་ཡོང་བར་མཐུན་སྦྱོར་བྱས་པ་རེད། སི་ཁྲོན་ཡུལ་སྐོར་མ་འཇོག་རབ་བཏགས་རི་མོ་འཛམ་གླིང་ཡུལ་སྐོར་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིའི་ཏུང་ཧྲི་ཀྲང་ཤེ་ཅ་དབྱི་ཡིས“ཨར་ལས་རྒྱུ་ཆ་འཕྲལ་མར་ལས་ཡུལ་དུ་སྐྱེལ་བར་ཉིན་གསུམ་ལས་འགོར་མེད་པ་དང་། ཨར་ལས་མི་སྣ་50ནས་400ལྷག་ཙམ་བར་མང་དུ་ཕྱིན་ནས་ལས་གྲྭའི་འཕེལ་རིམ་འགན་ལེན་ནུས་ལྡན་ཐུབ་ཡོད”ཅེས་བཤད་པ་རེད།

        སི་ཁྲོན་གྱི་ས་གནས་ཁག་གིས་དུས་ཚོད་རེའུ་མིག་བཟོ་བ་དང་། ལས་ཀ་བྱེད་མགྱོགས་སུ་གཏོང་བ། ངོ་འཕྲད་གྲོས་མོལ་གྱི་རྣམ་གྲངས་གང་མགྱོགས་དོན་འཁྱོལ་བྱེད་པ། གན་རྒྱ་བཞག་པའི་རྣམ་གྲངས་སྔ་ཙམ་ལས་འགོ་འཛུགས་པ། སྐྲུན་བཞིན་པའི་རྣམ་གྲངས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། བསྐྲུན་ཟིན་པའི་རྣམ་གྲངས་ལས་ཕན་འབྲས་ཐོན་པ་བཅས་ལ་སྐུལ་འདེད་ཤུགས་ཆེན་བཏང་བས། རྣམ་གྲངས་ཀྱི་མ་འཇོག་མྱུར་ཚད་ཀྱང་མགྱོགས་སུ་ཕྱིན་ཡོད་པ་རེད།

        མན་དབྱང་གྲོང་ཁྱེར་ཧྥུའུ་ལིང་ཁུལ་ལིན་ཀང་དཔལ་འབྱོར་འཕེལ་རྒྱས་ཁུལ་དུ་ཁྱོན་མ་དངུལ་སྒོར་དུང་ཕྱུར་120བཏང་བའི་ཁྲོང་མིང་ནུས་རྒྱུ་གསར་པའི་རྣམ་གྲངས་ལ་གན་རྒྱ་བཞག་མ་ཐག་ལས་འགོ་ཚུགས་ཡོད་པ་རེད། “རྣམ་གྲངས་དེ་གྲོས་མོལ་བྱེད་པ་ནས་གན་རྒྱ་འཇོག་པ་དང་ལས་འགོ་འཛུགས་པའི་བར་ཉིན་83ལས་འགོར་མེད” ལས་འགོ་ཚུགས་ཡུལ་དུ་ཧྲེན་ཀྲེན་གྲོང་ཁྱེར་ཁྲོང་མིང་ནུས་རྒྱུ་གསར་པའི་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་མོང་ཀྲི་ཁྲེང་གིས“ང་ཚོས་ནུས་ཤུགས་ཡོད་རྒུས་འཛམ་གླིང་ཐོག་གི་ཀ་ཟླུམ་དབྱིབས་ཀྱི་ལིས་བཟོས་གློག་རྫས་ཐོན་སྐྱེད་དང་བཟོ་སྐྲུན་རྟེན་གཞི་རྩེ་གྲ་ཞིག་བསྐྲུན་ནས་སྔོན་དཔག་བྱས་ན་ལོ་རེའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་300ཙམ་ཟིན་རྒྱུ་རེད”ཅེས་བཤད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1