ཧུང་ཡོན་རྫོང་ཕྱུགས་རིགས་ཉོ་ཚོང་ཁྲོམ་ཆེན་གྱིས་གོ་རིམ་ལྡན་པའི་ངང་གཉེར་སྐྱོང་སླར་གསོ་བྱ་རྒྱུ་རེད།

ཚེ་རིང་སྒྲོན། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།རྔ་སྒྲ། སྤེལ་དུས། 12-14



        རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར། སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་ཡག་པོ་བྱས་ནས་འབྲོག་པ་མང་ཚོགས་ཀྱི་འབྲི་གཡག་བཤས་གཏོང་དང་བྲིན་ཚོང་གི་དགོས་མཁོ་ཆེན་པོ་སྐོང་ཆེད། ཧུང་ཡོན་རྫོང་ཕྱུགས་རིགས་ཉོ་ཚོང་ཁྲོམ་ཆེན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་པའི་རྨང་གཞིའི་ཐོག་གོ་རིམ་ལྡན་པའི་ངང་གཉེར་སྐྱོང་སླར་གསོ་བྱ་རྒྱུ་རེད།


        ཉེ་ཆར། ཧུང་ཡོན་རྫོང་ཕྱུགས་རིགས་ཉོ་ཚོང་ཁྲོམ་རར་རྟ་སྐམ་དང་འབྲི་སྐམ་སོགས་ཕྱུགས་རིགས་སྣ་ཚོགས་ཀྱིས་ཁེངས་པའི་རླངས་འཁོར་90ལྷག་གོ་རིམ་ངང་གྲལ་དུ་སྒྲིག་ཡོད་པ་དང་། ས་གནས་སོ་སོ་ནས་ཡོང་བའི་ཕྱུགས་རིགས་འཚོང་མཁན་ནམ་ཉོ་མཁན། དེ་མིན་ཁྲོམ་རའི་ཉོ་འཚོང་གི་གནས་ཚུལ་ལ་ལྟོག་པར་ཡོང་བའི་ཞིང་འབྲོག་མང་ཚོགས་བཅས་ཀྱིས་རིན་གོང་གྲོས་བསྡུར་བྱ་བའི་འུར་སྐད་དང་རླངས་འཁོར་གྱི་དུང་བརྡ་སོགས་ཀྱིས་ཁྲོམ་ར་ཡོངས་སྔར་བཞིན་གསོན་ཉམས་ལྡན་པའམ་འདུ་འཛི་ཆེ་བའི་རྣམ་པ་ཞིག་ཐོན་འདུག


        ཧུང་ཡོན་རྫོང་ཕྱུགས་རིགས་ཉོ་ཚོང་ཁྲོམ་རའི་འགན་འཁུར་བས་བཤད་རྒྱུར་ད་ཐེངས་ཀྱི་གཉེར་སྐྱོང་སླར་གསོ་བྱུང་རྗེས་ཧུང་ཡོན་རྫོང་གི་ཕྱུགས་རིགས་ཉོ་ཚོང་ཁྲོམ་རའི་དོ་དམ་སྔར་བས་ཚད་ལྡན་དུ་ཕྱིན་ཡོད་པ་དང་། ཟླ་12ཚེས་8ཉིན་ཁྲོམ་རའི་གཉེར་སྐྱོང་སླར་གསོ་བྱས་པ་ནས་བཟུང་ཕྱུགས་རིགས་ཉོ་ཚོང་བྱེད་ཚད་1700ལྷག་ཙམ་ཡོད་པ་དང་། ཉོ་ཚོང་དངུལ་འབོར་སྒོར་ཁྲི་སྟོང་ལས་བརྒལ་བར་མ་ཟད། མཐོ་ཤོས་ཡིན་ན་ཉིན་རེར་ཕྱུགས་རིགས་ཉོ་ཚོང་བྱེད་ཚད་726ཟིན་འདུག་ཅེས་བཤད་པ་རེད།

        

        ཕྱུགས་རིགས་ཉོ་ཚོང་ཁྲོམ་ར་སླར་གསོ་གཉེར་སྐྱོང་བྱས་པ་དེས་རྒྱ་ཆེའི་འབྲོག་པ་མང་ཚོགས་ལ་སྟབས་བདེ་ཆེན་པོ་བསྐྲུན་པ་མ་ཟད། ད་དུང་ས་གནས་དེ་གའི་འབྲོག་པ་མང་ཚོགས་ཀྱི་ལས་ཞུགས་དང་ཡོང་འབབ་ལ་སྐུལ་ཁྲིད་ཐུབ་ནས་འབྲོག་ལས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་རྒྱུར་དགེ་མཚན་ལྡན་པའི་སྐུལ་འདེད་ཀྱི་ནུས་པའང་ཐོན་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1