སི་ཁྲོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུས་རྒྱས་འཛོམས་གྲོས་ཚོགས་འཚོགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་བརྙན་འཕྲིན། སྤེལ་དུས། 12-22



        ཟླ་བ་བཅུ་གཉིས་པའི་ཚེས་བཅུ་དགུ་ཉིན། སི་ཁྲོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུས་རྒྱས་འཛོམས་གྲོས་ཚོགས་འཚོགས་ནས། ཀྲུང་དབྱང་དཔལ་འབྱོར་ལས་ཀའི་གྲོས་ཚོགས་དང་ཡང་སྒོས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་སྙིང་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱེད་པ་དང་། སི་ཁྲོན་ཞིང་ཆེན་གྱི་སང་ལོའི་དཔལ་འབྱོར་ལས་ཀར་ཞིབ་འཇུག་འཆར་འགོད། ད་ལོའི་ལོ་འཇུག་དང་སང་ལོའི་ལོ་འགོའི་ལས་ཀ་ཡག་པོ་སྒྲུབ་པར་བཀོད་སྒྲིག་བྱེད་པ་རེད།

        གྲོས་ཚོགས་ཐོག། ཐེངས་འདིའི་ཀྲུང་དབྱང་དཔལ་འབྱོར་ལས་ཀའི་གྲོས་ཚོགས་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྱོང་བྱེད་འགོ་ཚུགས་པའི་འགག་རྩའི་དུས་རིམ་དུ་འཚོགས་པའི་དོན་སྙིང་གལ་ཆེན་ལྡན་པའི་གྲོས་ཚོགས་ཐེངས་ཤིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་། ད་ལོའི་དཔལ་འབྱོར་ལས་ཀ་དང་དུས་རབས་གསར་པའི་ལོ་བཅུའི་རླབས་ཆེན་འཕོ་འགྱུར་ལ་ཕྱོགས་བསྡུས། རྒྱལ་ཕྱི་ནང་གི་གནས་བབ་ལ་ཚན་རིག་དང་མཐུན་པའི་ཞིབ་འཇུག་དང་བརྡར་ཤ་གཅོད། སང་ལོའི་དཔལ་འབྱོར་ལས་ཀར་འཆར་འགོད་ཆ་ཚང་གནང་བས། ཆོད་ཉིད་ངོས་འཛིན་ལ་དོ་སྣང་བྱས་པ་མ་ཟད། བཀོད་སྒྲིག་གལ་ཆེན་ཡང་གནང་ཡོད། དམིགས་འབེན་དང་ལས་འགན་གཏན་ཁེལ་བྱས་པ་མ་ཟད། བྱེད་ཐབས་དང་ཐབས་ཇུས་ཀྱང་བཏོན་ཡོད། མིག་རྒྱང་རིང་ལ། ཕུགས་ཡུན་ལ་ཕན་པ། ཁྱོན་ཡོངས་འཆར་འགོད་བཅས་བྱས་ནས། སང་ལོའི་དཔལ་འབྱོར་ལས་ཀ་ཡག་པོ་སྒྲུབ་པར་ཁ་ཕྱོགས་དང་རྩ་བའི་སྲུང་བྱ་མཁོ་འདོན་བྱས་ཡོད། ཙུང་ལི་ལི་ཁེ་ཆང་གིས་སང་ལོའི་དཔལ་འབྱོར་ལས་ཀ་ཡག་པོ་སྒྲུབ་པར་བཀོད་སྒྲིག་ཞིབ་ཕྲ་གནང་བ་རེད། བློ་མཐུན་ལི་ཆང་གིས་གྲོས་ཚོགས་ཀྱི་སྙིང་དོན་ལག་བསྟར་དོན་འཁྱོལ་བྱེད་པར་བླང་བྱ་གསལ་པོ་བཏོན་ཡོད། ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་དང་སྡེ་ཁག་སོ་སོས་ཀྲུང་དབྱང་གི་དཔལ་འབྱོར་ལས་ཀའི་གྲོས་ཚོགས་དང་ཡང་སྒོས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ལས་འགན་གལ་ཆེན་ལ་བརྩིས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དག་སི་ཁྲོན་ཞིང་ཆེན་སང་ལོའི་དཔལ་འབྱོར་ལས་ཀའི་ཕྱོགས་སོ་སོར་དོན་འཁྱོལ་བརྟན་པོ་བྱེད་དགོས། མིག་སྔའི་དཔལ་འབྱོར་གནས་བབ་ལ་ཚན་རིག་དང་མཐུན་པའི་ཞིབ་འཇུག་དང་བརྡར་གཅོད་བྱེད་པ། ཏང་ཀྲུང་དབྱང་གི་སང་ལོའི་དཔལ་འབྱོར་ལས་ཀའི་སྤྱིའི་བླང་བྱ་དང་། དམིགས་འབེན་ལས་འགན། སྲིད་ཇུས་བྱེད་ཕྱོགས། བཀོད་སྒྲིག་གལ་ཆེན་ལྟར། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱེད་པ། སི་ཁྲོན་ཞིང་ཆེན་སང་ལོའི་དཔལ་འབྱོར་ལས་ཀར་ཞིབ་འཇུག་དང་འཆར་འགོད་བྱེད་པ་དང་ཟུང་འབྲེལ་བྱེད་པ། དཀའ་སྤྱད་འབད་འབུངས་ཀྱི་སྙིང་སྟོབས་ལ་བརྟེན་ནས་བཀོད་སྒྲིག་ཁག་དོན་འཁྱོལ་ཡོང་བ་བྱས་ནས། དུས་རབས་གསར་པ་དང་བགྲོད་ལམ་གསར་པའི་སི་ཁྲོན་དེང་རབས་ཅན་འཛུགས་སྐྱོང་གི་འགོ་ཡག་པོ་འཛུགས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སི་ཁྲོན་གྱི་ལེའུ་གསར་པ་གཏོད་དགོས་ཞེས་བསྟན་པ་རེད།

        གྲོས་ཚོགས་ཐོག། ད་ལོའི་དཔལ་འབྱོར་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་དང་དུས་རབས་གསར་པའི་ལོ་བཅུའི་རླབས་ཆེན་གྱི་འཕོ་འགྱུར་ལ་གོ་བ་ཟབ་མོ་ལེན་པ་དང་། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། གཏན་འཁེལ་གཉིས་ནི་དུས་རབས་གསར་པའི་ཆེས་ཆེ་བའི་ཆབ་སྲིད་ཀྱི་གྲུབ་འབྲས་དང་ཆེས་གལ་ཆེ་བའི་ལོ་རྒྱུས་ཉམས་མྱོང་། ཆེས་དོན་དང་མཐུན་པའི་ལག་ལེན་གྱི་མཇུག་འབྲས་ཡིན་ལ།  གཏན་འཁེལ་མ་ཡིན་ཚང་མ་ལ་ཁ་གཏད་འཇལ་བའི་ཆེས་ཆེ་བའི་གཏན་འཁེལ་རང་བཞིན་དང་གདེང་ཚོད། ཁག་ཐེག་བཅས་ཡིན། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པས་སི་ཁྲོན་དཔལ་འབྱོར་གྱི་ལས་ཀར་གཅིག་གྱུར་བཀོད་འདོམས་དང་། སི་ཁྲོན་ཞིང་ཆེན་གྱི་དཔལ་འབྱོར་འཕེལ་རྒྱས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིང་ཕིང་གི་མཛུབ་སྟོན་གྱི་ཁ་ཕྱོགས་སུ་བློ་བརྟན་འགྱུར་མེད་ཀྱིས་མདུན་བསྐྱོད་བྱེད་དགོས། ཏང་ཀྲུང་དབྱང་གིས་མིག་སྔའི་དཔལ་འབྱོར་གནས་སྟངས་ཀྱི་བརྡར་གཅོད་གལ་ཆེན་དང་དཔལ་འབྱོར་ལས་ཀའི་ཆོས་ཉིད་རང་བཞིན་གྱི་ངོས་ཟིན་ལ་གོ་བ་ཟབ་མོ་བླངས་ནས། བསམ་བློ་ངོས་ཟིན་དེ་ཏང་ཀྲུང་དབྱང་གི་ཚན་རིག་བརྡར་གཅོད་ཐོག་གཅིག་གྱུར་བྱས་ནས། འཐབ་ཇུས་ཀྱི་ཡིད་ཆེས་སྔར་ལས་བརྟན་པོ་དང་། དཔལ་འབྱོར་ལས་ཀ་དམ་འཛིན་བྱེད་པའི་ཚན་རིག་དང་མཐུན་པའི་བྱེད་ཐབས་སྨྲ་བ་བེད་སྤྱོད་ཡག་པོ་བྱས་ཏེ། དཀའ་ཁག་སེལ་གང་ཐུབ་དང་ཡིད་ཆེས་བརྟན་པོ་བྱེད་པ། ཉེན་ཁའི་ཁྲོད་གོ་སྐབས་ཡོད་པ་དང་ཉེན་ཁའི་ཁྲོད་དུ་གོ་སྐབས་འཚོལ་ཐུབ་པར་མཁས་པ། སྟོབས་ཤུགས་གཅིག་སྒྲིལ་བྱས་ནས་རང་གི་དོན་དག་ཡག་པོ་བསྒྲུབས་ཏེ། ལས་ཀའི་རང་རྟོགས་དབང་ཆ་དམ་དུ་འཛིན་དགོས། སང་ལོའི་དཔལ་འབྱོར་ལས་ཀའི་སྤྱིའི་བླང་བྱ་དང་དམིགས་འབེན་ལས་འགན། སྲིད་ཇུས་ཁ་ཕྱོགས་ཁོང་དུ་ཆུད་པ་དང་། ཏང་ཀྲུང་དབྱང་གི་བསམ་བློའི་གལ་ཆེན་དང་ཐབས་ཇུས་མཛུབ་སྟོན། ཕུགས་ཡུན་དོན་སྙིང་བཅས་ལ་གོ་བ་ཡང་དག་ལེན་པ། དོན་དངོས་དང་ཟུང་དུ་འབྲེལ་བ་དང་ཞིབ་འཇུག་བྱས་ནས་སི་ཁྲོན་ཞིང་ཆེན་གྱིས་སང་ལོའི་དཔལ་འབྱོར་གྱི་སྔོན་དཔག་འཕར་སྣོན་དམིགས་འབེན་དང་སྲིད་ཇུས་བྱེད་ཐབས་བསྟན་དགོས། ཁྱོན་ཡོངས་འཕེལ་རྒྱས་ཀྱི་གནད་འགག་དང་འབྲེལ་བའི་གནད་དོན་གལ་ཆེན་དང་སང་ལོའི་དཔལ་འབྱོར་ལས་ཀའི་བཀོད་སྒྲིག་གལ་ཆེན་དམ་འཛིན་བྱས་ཏེ། ལས་ཀའི་འགོ་འཛུགས་ས་དང་ཤུགས་འདོན་ས་དམིགས་སུ་བཟུང་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དེ་སི་ཁྲོན་དུ་ཞིབ་ཚགས་ཅན་ལ་བསྒྱུར་ནས་ཕན་འབྲས་ཐོན་པ་བྱེད་དགོས། ཏང་གིས་དཔལ་འབྱོར་ལས་ཀའི་ཁྱོན་ཡོངས་ཀྱི་དབུ་ཁྲིད་ཀྱི་བླང་བྱ་གལ་ཆེན་ལ་གོ་བ་ཟབ་མོ་བླངས་ནས། སྒྲིག་གཞི་སྔར་ལས་འཐུས་ཚང་དང་། ནུས་པའི་བྱང་ཚད་ཇེ་དྲག་བཏང་སྟེ། མི་འདང་ས་དང་ཞན་ས་ཁ་གསབ་བྱས་ཏེ། དཔལ་འབྱོར་ལས་ཀར་འགོ་ཁྲིད་པའི་ནུས་པ་དང་ཆུ་ཚད་མཐོར་འདེགས་བྱས་ནས། རྣམ་པ་གསར་པ་དང་བྱེད་ནུས་གསར་པས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱིས་གྲུབ་འབྲས་གསར་པ་ལེན་གང་ཐུབ་བྱེད་དགོས་ཞེས་བསྟན་པ་རེད།

        གྲོས་ཚོགས་ཐོག། མིག་སྔར་ནི་ལོ་ཧྲིལ་པོའི་ལས་ཀ་མཇུག་བསྡུ་བའི་གནད་འགག་གི་དུས་རེད། ཕྱོགས་སོ་སོའི་ལས་ཀ་རྙོག་འཛིང་ཆེ་བས་ངེས་པར་དུ་ཕྱོགས་སོ་སོའི་ལས་ཀ་གཅིག་གྱུར་འཆར་འགོད་ཡག་པོ་བྱེད་དགོས། ཀྲུང་དབྱང་གིས་རིམས་ནད་འགོག་བཅོས་སྲིད་ཇུས་ལེགས་སྒྲིག་བྱས་རྗེས་ཕྱོགས་སོ་སོའི་སྲིད་ཇུས་བྱེད་ཐབས་ཀྱི་འཚམ་ཐབས་ལས་ཀ་དམ་དུ་བཟུང་ནས། ལས་ཀའི་གཙོ་གནད་དེ་ནད་དུག་འགོས་པ་ནས་བདེ་ཐང་སྲུང་བ་དང་། ནད་གཞི་ལྗིད་མོ་ཕོག་པར་འགོག་པའི་ཐད་བསྒྱུར་བ། དེ་དང་འཚམ་པའི་དཔལ་འབྱོར་འཕེལ་རྒྱས་བྱེད་ཐབས་དང་སྤྱི་ཚོགས་འཁོར་སྐྱོད་སྒྲིག་ལམ་འཐུས་ཚང་བཏང་ནས། སྨན་བཅོས་དངོས་ཟོག་གསོག་འཇོག་གཏོང་སྤྲོད་དང་། འགོག་ཁབ་རྒྱག་པ་དང་སྨན་སྐྱོབ་ཞབས་ཞུ་སོགས་ལས་ཀ་དམ་འཛིན་བྱེད་དགོས། ནུས་ཤུགས་ཡོད་རྒུས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་འཛུགས་བསྐྲུན་གཉེར་ནས། ལས་གཞི་དམ་འཛིན་དང་དངུལ་གཏོང་སྐུལ་འདེད་ལྷོད་གཡེང་མི་གཏོང་བ། ལས་གཞིའི་གསོག་འཇོག་དང་དག་སྒྲིག། རེ་ཞུ་ལས་ཀ་བཅས་ཇེ་ཟབ་དང་ཞིབ་ཚགས། དོན་གཉེར་ཡོང་བ་བྱས་ནས། སང་ལོའི་དཔལ་འབྱོར་འཕར་སྣོན་ལ་ལས་གཞི་རྒྱབ་སྐྱོར་སྔར་བས་ནུས་ལྡན་མཁོ་འདོན་བྱེད་དགོས། ཕྱི་ལོའི་ལོ་སར་དང་དཔྱིད་གསར་སོགས་གནད་འགག་དུས་རིམ་གྱི་འཛད་སྤྱོད་ཕྱིར་འཕར་ཡོང་བ་དམ་དུ་བཟུང་ནས། འཛད་སྤྱོད་ལ་བརྟེན་ནས་ཞབས་ཞུ་ལས་རིགས་མྱུར་དུ་བསྐྱར་གསོ་འཕེལ་རྒྱས་ཡོང་བ་བྱེད་དགོས། བཟོ་ལས་བསྐྱར་འཕར་ཇེ་བརྟན་དུ་བཏང་ནས། བཟོ་ལས་དཔལ་འབྱོར་འཁོར་སྐྱོད་རྒྱུ་ཆ་འགན་སྲུང་དམ་དུ་འཛིན་པ་དང་། ནུས་ཁུངས་མཁོ་འདོན་འགན་སྲུང་ལས་ཀ་ཞིབ་ཚགས་ཡོང་བ་བྱེད་དགོས། ཐབས་བརྒྱ་ཇུས་སྟོང་གིས་ཚོང་གཉེར་བྱེད་མཁན་དང་ཚོང་རའི་སྔོན་དཔོག་བརྟན་པོ་ཡོང་བ་བྱས་ནས། ཐོན་ལས་ཅན་གྱི་ལས་གཞི་གལ་ཆེན་གྱི་ཚོང་འགུགས་དངུལ་འདྲེན་གྱི་ཆེད་དོན་བྱ་སྤྱོད་སྤེལ་བ། ནུས་ཤུགས་ཡོད་རྒུས་དཀའ་ཁག་སེལ་བའི་སྲིད་ཇུས་དོན་འཁྱོལ་དང་ཕན་འབྲས་ཐོན་པའི་བྱ་སྤྱོད་དང་ཚོང་གཉེར་ཁོར་ཡུག་མཐོར་འདེགས་གཏོང་བའི་བྱ་སྤྱོད་ལག་བསྟར་བྱས་ནས། སི་ཁྲོན་ཞིང་ཆེན་གྱིས་དམངས་གཉེར་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་དགོས། མང་ཚོགས་ལེགས་བཅོས་ལས་ཀ་དམ་འཛིན་དང་མང་ཚོགས་ཀྱི་ཚོང་རྫས་མཁོ་འདོན་བརྟན་པོ་དང་། རྡོ་སོལ་དང་གློག་རླངས། སྐྱེལ་འདྲེན་བཅས་ལ་འགན་སྲུང་དང་། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་ལ་ཐུགས་ཁུར་དང་། ཞིང་པ་གླ་པའི་གླ་ཆ་སྤྲོད་པར་འགན་སྲུང་དང་། མི་དམངས་མང་ཚོགས་ཀྱིས་ཉེན་མེད་ངང་དགུན་ཡག་པོ་གཏོང་བ་དང་། དགའ་སྤྲོ་དང་འཆམ་མཐུན་གྱིས་དུས་ཆེན་གཏོང་བར་ཁག་ཐེག་བྱེད་དགོས། ཁྱབ་ཁོངས་སོ་སོའི་ཉེན་ཁ་འགོག་སྲུང་བྱེད་པ་དང་། དོགས་ཟོན་ནན་མོ་བྱས་ནས་ཉེན་མེད་ཐོན་སྐྱེད་ལས་ཀ་དམ་འཛིན་ཡག་པོ་བྱས་ཏེ། མཐའ་གཅིག་ཏུ་དོན་རྐྱེན་ཚབས་ཆེན་བྱུང་བར་སྔོན་འགོག་དང་བཀག་སྡོམ་བྱས་ཏེ། སྤྱི་ཚོགས་སྤྱིའི་ཆ་ནས་འཆམ་མཐུན་བརྟན་བརླིང་ཡོང་བར་སྲུང་སྐྱོང་བྱེད་དགོས་ཞེས་བཏོན་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1