ཏོག་གསར་གློ་ཚད་ཀྱི་མིང་བསྒྱུར་ནས་དོ་དམ་རིམ་པ་ཕབ་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 12-28



        རྒྱལ་ཁབ་འཕྲོད་བདེ་ཨུ་ལྷན་ནས་སྤྱི་ཟླ་12པའི་ཚེས་26ཉིན་སྤྱི་བསྒྲགས་གལ་ཆེན་ཞིག་སྤེལ་འདུག དེའི་ནང་དོན་གཤམ་གསལ།

        གཅིག །ཏོག་གསར་ནད་དུག་གློ་ཚད་ཕོག་པ་ཅེས་པའི་བརྗོད་སྟངས་དེ་ཏོག་གསར་ནད་དུག་འགོས་པ་ཞེས་པར་བསྒྱུར་རྒྱུ།

        གཉིས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། སྤྱི་ལོ་2023ལོའི་ཟླ་བ་1པོའི་ཚེས་8ཉིན་ནས་བཟུང་། ཏོག་གསར་ནད་དུག་འགོས་པའི་ཐད་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འགོས་ནད་འགོག་བཅོས་བཅའ་ཁྲིམས་》ནང་གཏན་ལ་ཕབ་པའི་ཀ་པ་རིགས་ཀྱི་འགོས་ནད་སྔོན་འགོག་ཚོད་འཛིན་བྱ་ཐབས་སྤྱོད་མཚམས་འཇོག་རྒྱུ་དང་། ཏོག་གསར་ནད་དུག་འགོས་པ་དེ་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཁོངས་འཕྲོད་བསྟེན་རིམས་ནད་ཞིབ་བཤེར་བཅའ་ཁྲིམས་》ནང་གཏན་ལ་ཕབ་པའི་རིམས་ནད་ཞིབ་བཤེར་དོ་དམ་བྱ་ཐབས་ནང་འཇུག་རྒྱུ་མིན་པ་དེ་རེད།


        རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་འཛིན་སྒྲིག་གཞིས་ཇུས་གཞི་ཡོངས་བསྒྲགས་བྱས་ཏེ་བརྟན་ལ་གོ་རིམ་ལྡན་པའི་ངང་ཏོག་གསར་ནད་དུག་དེ་ཉིད་“ཁ་པའི་རིགས་ནང་བཅུག་སྟེ་ཁ་པ་རིམ་པའི་དོ་དམ”ལ་ལེགས་སྒྲིག་བྱ་རྒྱུ་ཡིན་པ་རེད།

        ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་ཆེད་དང་། ཏོག་དབྱིབས་ནད་དུག་གསར་པའི་འགོས་ནད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་ཆོད་ཆེ་བའི་ངང་གཅིག་གྱུར་འཆར་འགོད་བྱས་ཏེ། བརྟན་ལྷིང་དང་གོ་རིམ་ལྡན་པའི་སྒོ་ནས་ཏོག་གསར་ནད་དུག་འགོས་པ་དེ“ཁ་པའི་རིགས་ལ་ཀ་པ་རིམ་པའི་དོ་དམ”ནས“ཁ་པའི་རིགས་ནང་བཅུག་སྟེ་ཁ་པ་རིམ་པའི་དོ་དམ”ལ་ལེགས་སྒྲིག་བྱས་ནས། ལེགས་སྒྲིག་བྱས་རྗེས་ཐོན་སྲིད་པའི་ཉེན་ཁ་བཅས་ལ་ཤུགས་ཚད་ཆེ་ཞིང་གོ་རིམ་ལྡན་པའི་སྒོ་ནས་ཁ་གཏད་ནུས་ལྡན་གཅོག་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་འཛིན་སྒྲིག་གཞིས་ཚེས་26ཉིན《ཏོག་གསར་ནད་དུག་འགོས་པའི“ཁ་པའི་རིགས་ལ་ཁ་པ་རིམ་པའི་དོ་དམ”སྐོར་གྱི་སྤྱིའི་ཇུས་གཞི》ཁྱབ་བསྒྲགས་བྱས་པ་རེད།


        《ཇུས་གཞིའི》ནང་ནད་དུག་གི་གཞན་འགྱུར་དང་། རིམས་ནད་ཀྱི་གནས་བབ། རང་རྒྱལ་གྱི་སྔོན་འགོག་ཚོད་འཛིན་རྨང་གཞི་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་དཔྱད་དཔོག་བྱས་པར་རང་རྒྱལ་ལ་ཏོག་དབྱིབས་ནད་དུག་གསར་པ“ཁ་པའི་རིགས་ལ་ཀ་པ་རིམ་པའི་དོ་དམ”ནས“ཁ་པ་རིགས་ནང་བཅུག་སྟེ་ཁ་པ་རིམ་པའི་དོ་དམ”དུ་ལེགས་སྒྲིག་བྱེད་པའི་གཞི་རྩའི་ཆ་རྐྱེན་ཚང་ཡོད་པས། 2023ལོའི་ཟླ་1ཚེས་8ཉིན་ནས་བཟུང་ཏོག་དབྱིབས་ནད་དུག་གསར་པ་འགོས་པར“ཁ་པའི་རིགས་ནང་བཅུག་སྟེ་ཁ་པ་རིམ་པའི་དོ་དམ”ལག་བསྟར་བྱ་རྒྱུ་ཡིན་པ་རེད། འགོས་ནད་འགོག་བཅོས་བཅའ་ཁྲིམས་ལ་གཞིགས་ན། ཏོག་གསར་ནད་དུག་འགོས་མཁན་ལ་ལོགས་སུ་འཇོག་པའི་བྱེད་ཐབས་སྤྱོད་རྒྱུ་མིན་པ་དང་། ནད་པ་དང་འབྲེལ་འདྲིས་བྱེད་མཁན་གཏན་འཁེལ་བྱ་རྒྱུ་མིན་པ། ཉེན་ཁ་ཆེ་འབྲིང་ཁུལ་དབྱེ་འབྱེད་བྱ་རྒྱུ་མིན་པ། ཏོག་གསར་ནད་དུག་འགོས་མཁན་ལ་རིམ་དབྱེའི་སྨན་བཅོས་བྱ་རྒྱུ་དང་འབྲེལ་དུས་ཐོག་ཏུ་སྨན་བཅོས་འགན་ལེན་སྲིད་ཇུས་ལེགས་སྒྲིག་བྱ་རྒྱུ་ཡིན་པ། ཞིབ་དཔྱད་ཚད་ལེན་གྱི་ཐབས་ཇུས་དེ“ཞིབ་བཤེར་བྱེད་འདོད་ཡོད་མཁན་གྱིས་ཞིབ་བཤེར་བྱེད་པར”ལེགས་སྒྲིག་བྱ་རྒྱུ་ཡིན་པ། རིམས་ནད་ཀྱི་ཆ་འཕྲིན་ཁྱབ་བསྒྲགས་ཐེངས་གྲངས་དང་ནང་དོན་ལེགས་སྒྲིག་བྱ་རྒྱུ་ཡིན་པ་རེད། རྒྱལ་མཚམས་ཀྱི་འཕྲོད་བསྟེན་རིམས་ནད་ཞིབ་བཤེར་བཅའ་ཁྲིམས་ལ་གཞིགས་ཏེ་རྒྱལ་མཚམས་ནས་ནང་དུ་འཛུལ་བའི་མི་སྣ་དང་དངོས་ཟོག་སོགས་ལ་རིམས་ནད་ཞིབ་བཤེར་གྱི་དོ་དམ་བྱེད་ཐབས་སྤྱོད་མི་དགོས་པ་རེད།

        བྱེད་ཐབས་གཙོ་བོ་ནི། རྒན་འཁོགས་ཀྱི་ཏོག་གསར་ནད་དུག་གི་རིམས་འགོག་སྨན་ཁབ་རྒྱག་ཚད་སྔར་བས་མཐོ་རུ་གཏོང་རྒྱུ་དང་། ཏོག་དབྱིབས་ནད་དུག་གསར་པ་འགོས་པའི་སྨན་བཅོས་དང་འབྲེལ་ཡོད་སྨན་རྫས་དང་དེ་བཞིན་ཞིབ་དཔྱད་ཚད་ལེན་གྱི་ཚོད་ལྟའི་དངོས་རྫས་གྲ་སྒྲིག་འཐུས་ཚང་དུ་གཏོང་བ། སྨན་བཅོས་ཐོན་ཁུངས་འཛུགས་སྐྲུན་ཐད་ཀྱི་མ་འཇོག་མང་དུ་གཏོང་བ། མི་ཚོགས་ཀྱི་ཞིབ་དཔྱད་ཚད་ལེན་གྱི་ཐབས་ཇུས་ལེགས་སྒྲིག་བྱས་ཏེ་སྡེ་ཁུལ་གྱི་གྲོང་མིས་དགོས་མཁོར་གཞིགས་ནས“ཞིབ་བཤེར་བྱེད་འདོད་ཡོད་མཁན་ཚང་མས་ཞིབ་བཤེར་བྱེད་པ”ལས་མི་ཡོངས་ཀྱི་ཉིང་སྐྱུར་གྲལ་བཤེར་མི་བྱ་རྒྱུ་དང་། རིམ་པ་དང་རིགས་བགོས་ནས་ནད་པ་སྐྱོབ་བཅོས་བྱེད་པ། གཙོ་གནད་མི་ཚོགས་ཀྱི་བདེ་ཐང་བརྟག་དཔྱད་དང་རིགས་དབྱེ་རིམ་དབྱེའི་བདེ་ཐང་ཞབས་ཞུ་ཡག་པོ་སྒྲུབ་པ། གཙོ་གནད་སྒྲིག་གཞིར་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། གྲོང་གསེབ་ས་ཁུལ་དུ་རིམས་ནད་གནས་ཚུལ་སྔོན་འགོག་དང་ཚོད་འཛིན་བྱེད་པར་ཤུགས་སྣོན་རྒྱག་པ། རིམས་ནད་ལ་ལྟ་ཞིབ་ཚད་ལེན་དང་ཁ་གཏད་འཇལ་ཤུགས་ཆེ་རུ་གཏོང་བ། མི་སྒེར་གྱི་འགོག་སྲུང་བྱེད་ཐབས་རྒྱུན་འཁྱོངས་བྱུ་རྒྱུར་ཁྲིད་སྟོན་བྱེད་པ། ཆ་འཕྲིན་ཁྱབ་བསྒྲགས་དང་དྲིལ་བསྒྲགས་སློབ་གསོ་ལེགས་པར་སྒྲུབ་པ། ཀྲུང་གོ་དང་ཕྱི་རྒྱལ་གྱི་མི་སྣ་འགྲོ་འོང་དོ་དམ་བྱེད་སྟངས་ལེགས་སུ་གཏོང་བ་བཅས་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1