༄༅།། མཚོ་སྔོན་དུ་སྡོང་རྒན་གྲགས་ཅན་གང་དག་ཡོད་དམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། སྤེལ་དུས། 01-04


མཚོ་སྔོན་དུ་སྡོང་རྒན་གྲགས་ཅན་གང་དག་ཡོད་དམ།

ཆེས་ཆེ་བ་ལོ་ག་ཚོད་འགོར་ཡོད་དམ།

        སྡོང་རྒན་གྲགས་ཅན་ནི“རིག་དངོས་གསོན་པོ”དང“འགྱུར་རྡོ་གསོན་པོ”ཡིན་ཞེས་བཤད་སྲོལ་ཡོད། དེ་ན། རང་ཞིང་དུ་སྡོང་རྒན་གྲགས་ཅན་གང་དག་ཡོད་པ་དང་། ཆེས་ཆེ་བ་ལོ་ག་ཚོད་འགོར་ཡོད་དམ་ཞེ་ན། 2018ལོར་སྤེལ་བའི་རང་ཞིང་གི་སྡོང་རྒན་གྲགས་ཅན་གྲལ་བཤེར་བྱས་འབྲས་ལྟར་ན། རང་ཞིང་དུ་ད་ཡོད་ཀྱི་སྡོང་རྒན་གྲགས་ཅན558ཡོད་ཅིང་། དེའི་ནང་དུ་ལོ500ནས800ཡི་ཡན་འགོར་བའི་སྡོང་རྒན་གྲགས་ཅན28ཡོད་པ་དང་། ཆེས་ཆེ་བ་ནི་མཚོ་ཤར་གྲོང་ཁྱེར་ལའོ་ཏུའུ་ཆུས་ལུའུ་ཧྭ་ཞང་ཧྲི་ཙི་སྡེ་བ་རུ་ཡོད་པའི་ཧའེ་ཐང་སྡོང་བོ(花叶海棠)ཡིན་པ་དང་། དེ་ནི་ལོ1012ཡིན་པ་རེད།

ལའོ་ཏུའུ་ཧྲི་ཙི་སྡེ་བའི་ཧའེ་ཐང་སྡོང་བོ།

        རྒྱུས་ལོན་བྱུང་བར་གཞིགས་ན། ས་ཁམས་ཁོར་ཡུག་དང་རང་བྱུང་ཆ་རྐྱེན། ཡུལ་སྲོལ་གོམས་གཤིས། ལོ་རྒྱུས་རིམ་འགྱུར། སྤྱི་ཚོགས་འཕོ་འགྱུར། དཔལ་འབྱོར་འཕེལ་རྒྱས་སོགས་རྒྱུ་རྐྱེན་མང་བོའི་ཤུགས་རྐྱེན་ཐེབས་པའི་དབང་གིས། རང་ཞིང་གི་སྡོང་རྒན་གྲགས་ཅན་གྱི་ཁྱབ་ཚུལ་དོ་མཉམ་མིན་པ་སྟེ། སྤྱིར་བཏང་དུ་གནའ་མཁར་དང་དགོན་པ། གནའ་བོའི་བཟོ་བཀོད་ཚོགས་སམ་ཡང་ན་འགྲུལ་ལམ་གལ་ཆེའི་སྡེ་བའི་ནང་ན་ཡོད་པ་དང་། གཙོ་བོ་ནི་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁྲི་ཀ་རྫོང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་སོགས་ན་ཡོད་པ་རེད།

ཟི་ལིང་ཙུང་ཀྲའེ་གྲོང་རྡལ་གྱི་ལྕང་མའི་སྡོང་རྒན།

        རང་ཞིང་དུ་ད་ཡོད་ཀྱི་སྡོང་རྒན་གྲགས་ཅན558ཡོད་པའི་ནང་དུ། རིམ་པ་དང་པོའི་སྲུང་སྐྱོབ་སྡོང་རྒན28དང་རིམ་པ་གཉིས་པོའི་སྲུང་སྐྱོབ་སྡོང་རྒན66 རིམ་པ་གསུམ་པའི་སྲུང་སྐྱོབ་སྡོང་རྒན457བཅས་ཡོད་ཅིང་། སྡོང་རྒན་གྱི་ལོ་ཚོད་གཙོ་བོ་ལོ100ནས499ཡི་བར་དུ་ཡོད་པ་དང་། ལོ500ནས800ཡི་ཡན་ན་ཡོད་པའི་སྡོང་རྒན28ཡོད་པ། སྡོང་བོའི་རིགས་ནི་གཙོ་བོ་ལྕང་མ(旱柳)དང་ཚོས་སེར་སྡོང་བོ།(国槐) འཛུགས་ཤིང་སྣུག་པོ།(小叶杨) ཁྲོན་ནུབ་གསོན་ཤིང་།(川西云杉) ཧའེ་ཐང་སྡོང་བོ། རྒྱ་ཤུག རྒྱ་ལྕང་།(垂柳) ཡོ་འབོག་དཀར་པོ།(白榆) ཤུག་ལེབ(侧柏)སོགས་ཡིན་པ་རེད།

ཧྭ་ལུང་གི་ཡོ་འབག་སྡོང་རྒན།

        སྡོང་རྒན་གྲགས་ཅན་འདི་དག་ལ་སྲུང་སྐྱོབ་བཟང་བོ་བྱ་ཆེད། རང་ཞིང་གིས“སྡོང་བོ་གཅིག་ལ་སྲིད་ཇུས་གཅིག”ཅེས་པའི་འཆར་གཞི་བཟོས་ཏེ་འོས་འཚམ་ངང་སྲུང་སྐྱོབ་ར་བ་དང་འདེགས་ཤིང་བཞག་ནས་སྡོང་བོའི་གཟུགས་དབྱིབས་དང་སྐྱེ་སྟངས་ལྟར་ནད་ཁུང་གསུབ་པ་དང་གནོད་འབུ་གསོད་པ། ཆུ་ལུད་འཇོག་པ་སོགས་ཀྱི་བདག་སྐྱོང་བྱེད་ཐབས་ལག་བསྟར་བྱས་པས། གྲུབ་འབྲས་མངོན་གསལ་ཐོབ་ནས་སྡོང་རྒན་གྲགས་ཅན་གྱི་སྐྱེ་སྟོབས་ལ་སྲུང་སྐྱོབ་ནུས་ལྡན་བྱེད་ཐུབ་ཡོད།

སྐུ་འབུམ་དགོན་གྱི་ཙན་དན་དཀར་པོ།

        དུས་མཚུངས་སུ། སྤྱི་ཚོགས་ཡོངས་ལ་སྡོང་རྒན་གྲགས་ཅན་གྱི་རིན་ཐང་དང་སྲུང་སྐྱོབ་བྱེད་པའི་དོན་སྙིང་དྲིལ་སྒྲོག་དང་སྐུལ་ཁྲིད་བྱས་ཏེ་ཕྱོགས་ཡོངས་ནས་རང་ཞིང་གི་སྡོང་རྒན་གྲགས་ཅན་ལ་དོ་དམ་སྲུང་སྐྱོབ་བྱས་པའི་གནས་ཚུལ་དྲིལ་སྒྲོག་ཤུགས་ཆེན་བྱས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1