༄༅།། རྟག་བརྟན་གྱི་རྨོངས་པ།

ཚྭ། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 02-02



ཚྭ།


ཁྱོད་ཀྱིས་སྐད་ཆའི་ནང་དུག་འདྲེན་ཞོར

ངའི་ལག་ལ་མེ་ཏོག་འཇོག་དོན་ཅི་ཡིན

ཁྱོད་རང་འབྲེལ་བའི་བཙོན་ཁང་ནང་རྒྱལ་པོའི་ཚུལ་ཏུ་བཞུགས་ཏེ

ཟླ་བ་སྐར་ཁུང་ཁ་ནས་འཛིན་དོན་ཅི་ཡིན

དཀའ་སྡུག་གི་སྐྱེད་མོས་ཚལ་ན

གློག་དམར་འཁྱུག་ཅིང་ཙག་ལོག་བྱེད

ཁྱོད་ཀྱི་ཕྲག་པ་གཡས་པ་བར་སྣང་དུ་གནས

གཡོན་པས་སྟོང་ལབ་འཐེན

དེ་གཉིས་བར་གྱི་མུན་པའི་ནང་ན་ག་ཞ་ནི་ལྕགས་སྒྲོག་བཞིན་འཁྱགས

ཐོས་པ་ཐུང་ཡང་དེས་དཔག་ཚད་མང་པོ་དབང་དུ་བསྡུ་བར་ནུས

སྐད་ཆ་གཉིས་པ་ནད་བཞིན་ཁྱོད་ཀྱི་ལུས་སེམས་ཧྲིལ་པོར་ཁྱབ

ཁྱོད་ཀྱི་ལུས་སྟེང་ནས་དུས་ཚོད་སྐར་ཆ་རེ་རེ་བཞིན་སྨིན་ན་ཡང

རྣམ་ཤེས་ནི་སྔར་ནས་དེ་དག་དང་གྱེས

ཁྱོད་ཀྱིས་རང་ཉིད་རྨོངས་པའི་ཐོག་ཁང་ནང་ཁྲིད་དེ

བར་སྣང་གི་ཚན་རིག་གླེང

ཡང་། སྲང་གི་མི་ཚོགས་རྫུན་མ་དག་ལ

སྟོང་བའི་ཁྲོ་ཉམས་ཀྱི་གླང་སྨྱོན་ཞོན་ཏུ་བཅུག

ཁྱོད་ཀྱི་ནུས་མཐུའི་གྲོང་ཁྱེར་ན

སྐྱེ་བོ་ཚོས་རང་ཉིད་བཙོངས་ཏེ

གཞན་གྱི་ཚིག་གི་རྟ་ལྕག་འོག་ནས་དགོད་སྒྲ་སྒྲོག

ཁྱོད་ཀྱིས་རག་ཤུབས་སྟོང་བ་ཞིག་གི་ནང

རང་ཉིད་བསྡུས་ཏེ་གཞན་ལ་པི་ཝང་བརྡུངས་དོན་ཅི་ཡིན


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1