《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་བཀོད་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 02-02



ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་ཏང་གི་རང་ངོས་གསར་བརྗེར་བརྟེན་ནས་ལོ་རྒྱུས་ཀྱི་དུས་མཚམས་འཁོར་རྒྱ་ལས་སྒྲོལ་ཐབས་བྱེད་པའི་གྲུབ་འབྲས་ལམ་བུ་འཚོལ་ཞིབ་བྱེད་དགོས།

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་1ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་3པའི་ནང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་ཏང་གི་རང་ངོས་གསར་བརྗེར་བརྟེན་ནས་ལོ་རྒྱུས་ཀྱི་དུས་མཚམས་འཁོར་རྒྱ་ལས་སྒྲོལ་ཐབས་བྱེད་པའི་གྲུབ་འབྲས་ལམ་བུ་འཚོལ་ཞིབ་བྱེད་དགོས》ཞེས་པ་བཀོད་ཡོད་པ་རེད།

        གསུང་རྩོམ་ནང་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ནང་བཅུག་ནས། སྔར་བྱུང་མྱོང་མེད་པའི་བློ་སྟོབས་དང་ངེས་ཤུགས་ལ་བརྟེན་ཏེ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་བཏང་བ་དང་། ལོ་མང་རིང་འགོག་མ་ཐུབ་པའི་ཚུལ་མིན་སྤྱོད་ཚུལ་ཁག་གཅིག་བཀག་འགོག་བྱས་པ། ཡུན་རིང་བཅོས་མ་ཐུབ་པའི་གཅོང་ནད་མང་པོ་བཅོས་པ། ཏང་དང་། རྒྱལ་ཁབ། དམག་དཔུང་བཅས་སུ་གནས་པའི་མངོན་མེད་རྐྱེན་ངན་ཚབས་ཆེན་གཙང་སེལ་བཅས་བྱས་པས། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་ཐད་ཀྱི་ལྷུག་ལྷོད་འཇམ་གསུམ་གྱི་གནད་དོན་གཞི་རྩའི་ཆ་ནས་ལེགས་སུ་ཕྱིན་ཡོད། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ལོ་རྒྱུས་རང་བཞིན་དང་གསར་གཏོད་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་མ་ཟད། ཕྱོགས་ཡོངས་དང་གཏིང་ཟབ་པའི་ཤུགས་རྐྱེན་ཐེབས་ཡོད་པས། ངེས་པར་དུ་ཡུན་རིང་མཐའ་འཁྱོངས་དང་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས།

        གསུང་རྩོམ་ནང་བསྟན་དོན། ལོ་རྒྱུས་ཀྱི་དུས་མཚམས་འཁོར་རྒྱ་ལས་སྒྲོལ་བའི་གནད་དོན་སྐོར་ངས་རྒྱུན་དུ་གླེང་གི་ཡོད། དེ་ནི་ཏང་གི་བྱ་གཞག་ཆེན་པོ་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཞིག་ཡིན་པ་དང་། ཏང་གི་འཆི་གསོན་ཆགས་འཇིག་དང་འབྲེལ་བ་ཡོད་ལ། རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དར་རྒུད་རྒྱལ་ཕམ་དང་ཡང་འབྲེལ་བ་ཡོད། ཇི་ལྟར་བྱས་ཏེ་ལོ་རྒྱུས་ཀྱི་དུས་མཚམས་འཁོར་རྒྱ་ལས་སྒྲོལ་དགོས་པའི་གནད་དོན་ཐད། ཏང་གིས་ཐོག་མཐའ་བར་གསུམ་དུ་དེར་བསམ་བློ་གཏོང་བ་དང་འཚོལ་ཞིབ་བྱེད་བཞིན་ཡོད། བློ་མཐུན་མའོ་ཙེ་ཏུང་གིས་ཡན་ཨན་གྱི་ས་ཕུག་ནང་ལན་དང་པོ་དེ་བཏབ་ཡོད། དེ་ནི“མི་དམངས་ཀྱིས་སྲིད་གཞུང་ལ་ལྟ་སྐུལ་བྱེད་དུ་འཇུག་རྒྱུ”དེ་རེད། ལོ་བརྒྱའི་འབད་འཐབ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལག་ལེན་གསར་པ་ལས་ཏང་གིས་སླར་ཡང་ལན་གཉིས་པ་དེ་བཏབ་ཡོད། དེ་ནི་རང་ངོས་གསར་བརྗེ་བྱ་རྒྱུ་དེ་རེད། རང་ངོས་གསར་བརྗེ་བྱེད་པ་ནི་ཀལ་གསབ་རུས་གསོ་དང་། དུག་སེལ་ནད་འཇོམས། འགག་རྩར་ཐུག་དུས་འཕྲལ་ཐག་གཅོད་པ། སྐྱེ་སྟོབས་འཕེལ་བ་བཅས་བྱས་ནས། ཏང་གི་གཟུགས་བརྙན་ལ་གནོད་འཚེ་གཏོང་བའི་གནད་དོན་རྒྱུན་ཆད་མེད་པར་གཙང་སེལ་བྱེད་པ་དང་རང་ངོས་ཀྱི་ནད་འགོག་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་མི་ཤི་སྲིད་ཕུང་སྔོན་འགོག་བྱ་རྒྱུ་དེ་ཡིན། རང་ངོས་གསར་བརྗེ་བྱེད་ཕོད་པ་དང་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ་གཉིས་ཀྱི་དོན་གནད་ནི་གཅིག་མཚུངས་རེད། ཚང་མ་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལས་བྱུང་བ་ཞིག་རེད། ལོ་བརྒྱའི་རིང་། ཏང་གིས་ཕྱི་རུ་མི་དམངས་དམངས་གཙོ་འཕེལ་རྒྱས་དང་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་པར་བརྟེན་པ་དང་། ནང་དུ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བར་བརྟེན་ནས། བདེན་དོན་མཐའ་འཁྱོངས་དང་ནོར་འཁྲུལ་ཡོ་བསྲང་བྱེད་ཕོད་པ་དང་། གྲི་དངོ་ནང་གཏད་དང་རུས་གཞོག་ནད་བཅོས་བྱེད་ཕོད་པ་བྱས་ཏེ། ཏང་ཡུན་རིང་དར་ཞིང་རྒྱས་པ་དང་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བའི་འགན་ལེན་བྱས་ཡོད།

        གསུང་རྩོམ་ནང་བསྟན་དོན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་ནི་དུས་རབས་གསར་པའི་ཏང་གི་རང་ངོས་གསར་བརྗེའི་ལག་ལེན་རླབས་པོ་ཆེ་ཞིག་ཡིན་པ་དང་། ལོ་བརྒྱའི་ཏང་ཆེན་པོའི་རང་ངོས་གསར་བརྗེའི་གནས་ཚད་གསར་པ་བཏོད་ཡོད། གཅིག་ནས་ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་བྱེད་པ་མཐའ་འཁྱོངས་བྱས་ནས་རང་ངོས་གསར་བརྗེའི་རྩ་བའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་སྲུང་བྱེད་དགོས། གཉིས་ནས་བསམ་བློ་འཛུགས་སྐྱོང་བྱེད་པ་དེ་ཏང་གི་རྨང་གཞིའི་རང་བཞིན་གྱི་འཛུགས་སྐྱོང་ལ་མཐའ་འཁྱོངས་བྱས་ནས། རང་ངོས་གསར་བརྗེའི་རྣོ་ངར་ཆེ་བའི་བསམ་བློའི་མཚོན་ཆར་ཞུན་བརྡར་ཐུབ་པ་བྱེད་དགོས། གསུམ་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་སྒྲིག་ཁྲིམས་ནན་པོར་བརྟེན་ནས་སྤྱོད་ཚུལ་ལེགས་གཏོང་བྱས་ཏེ་རང་ངོས་གསར་བརྗེའི་ཐབས་ལམ་ནུས་ལྡན་ངང་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། བཞི་ནས་ཟིལ་གནོན་གྱི་རྣམ་པར་བརྟེན་ནས་རུལ་རྒོལ་ཆད་གཅོད་མཐའ་འཁྱོངས་བྱས་ཏེ་རང་ངོས་གསར་བརྗེའི་འགག་སྒྲོལ་དམག་འཐབ་དང་རྒྱུན་སྲིང་དམག་འཐབ་ཡག་པོ་རྒྱག་དགོས། ལྔ་ནས་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་། སྒྲིག་འཛུགས་ཀྱི་ནུས་པ། གོང་བུ་སྒྲིལ་ཤུགས་བཅས་ཆེ་རུ་མཐའ་འཁྱོངས་བཏང་ནས་འཐབ་རྩོད་བྱེད་ཕོད་ལ་བྱེད་མཁས་པ་དང་རང་ངོས་གསར་བརྗེ་བྱེད་ཕོད་པའི་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྱོང་བྱེད་དགོས། དྲུག་ནས་རང་ངོས་སྤྱོད་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བརྗེ། རང་ངོས་མཐོར་འདེགས་བཅས་ཀྱི་ལམ་ལུགས་ཚད་ལྡན་མ་ལག་འཛུགས་སྐྱོང་མཐའ་འཁྱོངས་བྱས་ནས་རང་ངོས་གསར་བརྗེ་རླབས་པོ་ཆེར་སྐུལ་འདེད་གཏོང་བར་ལམ་ལུགས་ཀྱི་འགན་ལེན་མཁོ་འདོན་བྱེད་དགོས།

        གསུང་རྩོམ་ནང་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་མར་ཁེ་སི་རིང་ལུགས་ཀྱི་ཏང་བཙུགས་གཞུང་ལུགས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བ་དང་། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཉམས་མྱོང་ཕྱོགས་སྡོམ་དང་སྤྱོད་པ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ལག་ལེན་གསར་གཏོད་དང་། རིགས་པའི་གཞུང་ལུགས་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་པར་བརྟེན་ཡུན་རིང་སྲིད་སྐྱོང་བའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་གང་འདྲ་ཞིག་འཛུགས་སྐྱོང་དང་། ཡུན་རིང་སྲིད་སྐྱོང་བའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་འཛུགས་སྐྱོང་ཇི་ལྟར་བྱེད་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་མཐོ་ཚད་གསར་པ་ཞིག་ཏུ་སླེབས་ཡོད། (གཅིག)ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་དགོས། (གཉིས)ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་མཐའ་འཁྱོངས་བསྐྱངས་ནས། རང་ངོས་གསར་བརྗེ་རླབས་པོ་ཆེས་སྤྱི་ཚོགས་གསར་བརྗེ་རླབས་པོ་ཆེར་ཁྲིད་སྟོན་བྱེད་དགོས། (གསུམ)ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་སྤྱི་འདོམས་མཐའ་འཁྱོངས་བྱས་ནས་ཏང་ཡོངས་ཀྱིས་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་ཡོང་བའི་འགན་ལེན་བྱེད་དགོས། (བཞི)ནན་པོའི་རྩ་བའི་དགོངས་གཞིར་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་བྱས་ནས་སྒྲིག་ཁྲིམས་འཛུགས་སྐྱོང་གི་ཆབ་སྲིད་ཀྱི་རང་བཞིན་དང་། དུས་རབས་ཀྱི་རང་བཞིན། དམིགས་སའི་རང་བཞིན་བཅས་ཆེ་རུ་གཏོང་དགོས། (ལྔ)གཟེར་འདེབས་ཀྱི་སྙིང་སྟོབས་དར་སྤེལ་མཐའ་འཁྱོངས་བྱས་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཏང་སྲོལ་བཟང་པོར་བརྟེན་ནས་སྤྱི་ཚོགས་ཀྱི་སྤྱོད་བཟང་དང་དམངས་སྲོལ་བཟང་པོར་སྣེ་ཁྲིད་བྱེད་དགོས། (དྲུག)མཐར་པར་གཏན་ནས་མི་གཏོང་བའི་རྣམ་འགྱུར་ལ་བརྟེན་ནས་རུལ་སུངས་ལ་ཆད་པ་མཐའ་འཁྱོངས་བཅད་དེ་བློ་བརྟན་འགྱུར་མེད་ངང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ལམ་བུར་སྐྱོད་དགོས། (བདུན)མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་རུལ་སུངས་དང་ཚུལ་མིན་གྱི་སྤྱོད་ཚུལ་མཐའ་དག་ཡོ་བསྲང་མཐའ་འཁྱོངས་བྱས་ནས་མི་དམངས་མང་ཚོགས་ལ་གཞུང་དྲང་དྲང་བདེན་རང་ཉིད་ཀྱི་འཁྲིས་སུ་ཡོད་པ་ཚོར་དུ་འཇུག་དགོས། (བརྒྱད)“འགག་རྩའི་ཉུང་ཤས”ལ་དམ་འཛིན་བྱས་ནས་གོང་གིས་འོག་ལ་སྣེ་ཁྲིད་མཐའ་འཁྱོངས་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ནན་དུ་གཏོང་དགོས། (དགུ)ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་ལམ་ལུགས་འཐུས་སྒོ་ཚང་དུ་མཐའ་འཁྱོངས་བཏང་སྟེ་ཕྱོགས་ཡོངས་ལ་ཁྱབ་པ་དང་རྒྱུན་རྣམ་ཕུགས་ཕན་གྱི་ལྟ་སྐུལ་མཉམ་ཤུགས་འགྲུབ་པར་བྱེད་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1