ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོར་གསུང་བཤད་གལ་ཆེན་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 02-09


ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོར་གསུང་བཤད་གལ་ཆེན་གནང་སྐབས་ནན་བཤད་གནང་དོན།

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གོ་བ་ཡང་དག་ལོན་པ་དང་སྐུལ་འདེད་ཤུགས་ཆེན་གཏོང་དགོས།

ལི་ཆང་གིས་གཙོ་སྐྱོང་གནང་བ་དང་ཀྲའོ་ལེ་ཅི་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི་བཅས་ཞུགས་པ།

        ཟླ་2ཚེས་7ཉིན་གསར་དུ་འགན་བཞེས་མཁན་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། རྗེས་སྣོན་ཨུ་ཡོན། ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོ་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བགྲོ་གླེང་འཛིན་གྲྭ་ཀྲུང་དབྱང་ཏང་གི་སློབ་གྲྭ(རྒྱལ་ཁབ་སྲིད་འཛིན་སློབ་གླིང)རུ་སློབ་འགོ་ཚུགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་སློབ་འགོ་ཚུགས་པའི་མཛད་སྒོར་གསུང་བཤད་གལ་ཆེན་གནང་བཞིན་པ།

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན་གྱི་སྔ་དྲོར། གསར་དུ་འགན་བཞེས་མཁན་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། རྗེས་སྣོན་ཨུ་ཡོན། ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོ་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བགྲོ་གླེང་འཛིན་གྲྭ་ཀྲུང་དབྱང་ཏང་གི་སློབ་གྲྭ(རྒྱལ་ཁབ་སྲིད་འཛིན་སློབ་གླིང)རུ་སློབ་འགོ་ཚུགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་སློབ་འགོ་ཚུགས་པའི་མཛད་སྒོར་གསུང་བཤད་གལ་ཆེན་གནང་སྐབས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་སྙིང་བསྡུས་བྱས་ནས་བཏོན་པ་དང་འབྲེལ་རྒྱས་བཤད་གཏིང་ཟབ་ཀྱང་བྱས་པ་དེ་ནི། ཏང་གི་ཚོགས་ཆེན་ཉི་ཤུ་པའི་རིགས་པའི་གཞུང་ལུགས་ཀྱི་གསར་གཏོད་གལ་ཆེན་ཞིག་དང་ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲུབ་འབྲས་གལ་ཆེན་ཞིག་རེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་རང་རེའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ། ཡུན་རིང་འཚོལ་ཞིབ་དང་ལག་ལེན་བྱེད་རིང་དཀའ་སྡུག་ཚད་མེད་དང་འབད་བརྩོན་ཆེན་པོ་བྱས་པར་ཐོབ་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པས། ང་ཚོས་ངེས་པར་དུ་གཅེས་འཛིན་ལྡབ་བརྒྱ་དང་། ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས། རྒྱུན་ཆད་མེད་པར་རྒྱ་སྐྱེད་དང་ཟབ་ཏུ་གཏོང་བ་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཆང་གིས་སློབ་འགོ་ཚུགས་པའི་མཛད་སྒོ་གཙོ་སྐྱོང་གནང་བ་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲའོ་ལེ་ཅི་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི་བཅས་ཞུགས་ཡོད་པ་རེད།

        ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པ་ནི་ཉེ་རབས་ཚུན་གྱི་ཀྲུང་གོ་མི་དམངས་ཀྱི་ཐུན་མོང་གི་ཕུགས་འདུན་རེད། སྤྱོད་བཟང་འདུན་ཆེའི་མི་སྣ་གྲངས་ལས་འདས་པས་འབད་བརྩོན་ཆེན་པོས་འཚོལ་ཞིབ་དང་ཚོད་ལྟ་སྣ་ཚོགས་བྱས་མོད། འོན་ཀྱང་མཐའ་མར་ཚང་མ་ཕམ་ནས་མཇུག་འགྲིལ་བ་རེད། ཀྲུང་གོའི་དེང་རབས་ཅན་གྱི་འགྲོ་ལམ་འཚོལ་ཞིབ་བྱེད་པའི་ལས་འགན་ལྕི་པོ་ནི། ལོ་རྒྱུས་ཀྱི་སྒོ་ནས་ཀྲུང་གོ་གུང་ཁྲན་ཏང་གི་ཕྲག་ཏུ་བབས་ཡོད། དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས་སུ། རང་རེའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ། ཁྲག་འདོན་དམར་འཛིང་བྱས་པ་དང་ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པར། བྱང་འདུལ་དམག་འཁྲུག་དང་། ས་ཞིང་གསར་བརྗེའི་དམག་འཁྲུག རི་འགོག་དམག་འཁྲུག བཅིངས་འགྲོལ་དམག་འཁྲུག་བཅས་བརྒྱུད་བཙན་རྒྱལ་རིང་ལུགས་དང་། བཀས་བཀོད་རྒྱུད་འཛིན་རིང་ལུགས། དཔོན་ངན་མ་རྩ་རིང་ལུགས་བཅས་རི་བོ་ཆེན་པོ་གསུམ་མགོ་རྟིང་བསླགས་ཏེ། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་པ་དང་། མི་རིགས་རང་བཙན་དང་མི་དམངས་ལ་བཅིངས་འགྲོལ་ཐོབ་ནས་དེང་རབས་ཅན་མངོན་འགྱུར་བྱེད་པར་སྤྱི་ཚོགས་ཀྱི་གཞི་རྩའི་ཆ་རྐྱེན་བསྐྲུན་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས། རང་རེའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་བྱས་ནས། ཀྲུང་གོར་ལོ་སྟོང་ཕྲག་ཁ་ཤས་རྒྱུན་མཐུད་པའི་བཀས་བཀོད་རྒྱུད་འཛིན་གྱི་ལམ་ལུགས་རྩ་མེད་བཏང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་གཏན་འཁེལ་བྱས་པ། ཀྲུང་ཧྭ་མི་རིགས་ལ་ལོ་རྒྱུས་བྱུང་ཚུན་གྱི་ཆེས་རྒྱ་ཆེ་ཞིང་ཆེས་གཏིང་ཟབ་པའི་སྤྱི་ཚོགས་ཀྱི་འཕོ་འགྱུར་བྱུང་བ། རང་ཚུགས་ཆེ་ཞིང་འཐུས་སྒོ་ཅུང་ཚང་བའི་བཟོ་ལས་ཀྱི་མ་ལག་དང་རྒྱལ་དམངས་དཔལ་འབྱོར་གྱི་མ་ལག་བཙུགས་པ། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་ལ་ཐུན་མོང་མ་ཡིན་པའི་རིགས་པའི་གཞུང་ལུགས་ཀྱི་འབྲས་བུ་དང་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ནས། དེང་རབས་ཅན་འཛུགས་སྐྲུན་བྱེད་པར་ཆབ་སྲིད་ཀྱི་གཞི་རྩའི་སྔོན་འགྲོའི་ཆ་རྐྱེན་དང་། ཉམས་མྱོང་རྩ་ཆེན། རིགས་པའི་གཞུང་ལུགས་ཀྱི་གྲ་སྒྲིག དངོས་པོའི་རྨང་གཞི་བཅས་བཏིང་ཡོད། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་དུས་སྐབས་གསར་པར། རང་རེའི་ཏང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་ལྟེ་བ་དཔལ་འབྱོར་འཛུགས་སྐྲུན་ཕྱོགས་སུ་བསྒྱུར་བ་དང་སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཐབས་ཇུས་བཀོད་དེ། ལག་ལེན་གྱི་རྨང་གཞི་བྱས་པའི་རིགས་པའི་གཞུང་ལུགས་གསར་གཏོད་དང་། ལམ་ལུགས་གསར་གཏོད། རིག་གནས་གསར་གཏོད། དེ་བཞིན་ཕྱོགས་གཞན་དག་གི་གསར་གཏོད་བཅས་ལ་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་ལག་ལེན་བསྟར་བ་ལས། ཐོན་སྐྱེད་ནུས་ཤུགས་བལྟོས་བཅས་ཀྱིས་རྗེས་ལུས་ཐེབས་པའི་གནས་ཚུལ་ནས་དཔལ་འབྱོར་བསྡོམས་འབོར་འཛམ་གླིང་གི་ཨང་གཉིས་པར་སླེབས་པའི་བར་གྱི་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་བ་དང་། མི་དམངས་ཀྱི་འཚོ་བ་ལྟོ་གོས་མི་འཛོམ་པ་ནས་སྤྱིར་ན་འབྱོར་འབྲིང་དུ་སླེབས་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པར་གསོན་ཤུགས་གསར་པས་ཁེངས་པའི་སྒྲིག་སྲོལ་གྱི་འགན་ལེན་དང་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་དངོས་པོའི་ཆ་རྐྱེན་མཁོ་འདོན་ཐུབ་ཡོད།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རེའི་ཏང་གིས་ད་ཡོད་ཀྱི་རྨང་གཞིའི་ཐོག་མུ་མཐུད་མདུན་སྐྱོད་བྱས་ནས། རིགས་པའི་གཞུང་ལུགས་དང་ལག་ལེན་ཐད་ཀྱི་གསར་གཏོད་ཚད་བརྒལ་ཟམ་མི་ཆད་པར་ཡོང་བར་བྱས་པས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བདེ་བླག་ངང་སྐུལ་འདེད་དང་རྒྱ་སྐྱེད་བཏང་ཡོད། ང་ཚོས་ངོས་འཛིན་གྱི་ཐད་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་སྟེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཏོད་པ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་མཆོང་སྐྱོད་གསར་པ་མངོན་འགྱུར་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གོ་དོན་དང་ངོ་བོའི་ངོས་འཛིན་སྔར་བས་ཟབ་ཏུ་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྱད་ཆོས་དང་། ངོ་བོའི་བླང་བྱ། རྩ་དོན་གལ་ཆེན་བཅས་སྙིང་བསྡུས་བྱས་ནས་ཆགས་པར་བྱས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་རགས་ཙམ་བཙུགས་པས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྔར་བས་ཁ་གསལ་པོ་དང་། སྔར་བས་ཚན་རིག་དང་མཐུན་པ། སྔར་བས་ཚོར་ཐུབ་པ་དང་སྤྱོད་ཐུབ་པ་བཅས་བྱུང་ཡོད། ང་ཚོས་འཐབ་ཇུས་ཀྱི་ཐད་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་སྟེ་ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་། ཤེས་ལྡན་པར་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་སོགས་འཐབ་ཇུས་གལ་ཆེན་རབ་དང་རིམ་པ་ལག་བསྟར་གཏིང་ཟབ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འཐབ་ཇུས་ཀྱི་འདེགས་སྐྱོར་བརྟན་པོ་བྱས་ཡོད། ང་ཚོས་ལག་ལེན་གྱི་ཐད་ཟམ་མི་ཆད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ་འཕོ་འགྱུར་རང་བཞིན་གྱི་ལག་ལེན་རབ་དང་རིམ་པར་སྐུལ་འདེད་བཏང་བ་དང་། ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་རབ་དང་རིམ་པ་མངོན་འགྱུར་བྱས་པ། མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་རབ་དང་རིམ་པ་ཐོབ་པར་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་བར་སྐུལ་འདེད་བཏང་བ་དང་། ལྷག་པར་དུ་དབུལ་པོ་དབུལ་ནག་གི་གནད་དོན་ཐག་གཅོད་བྱས་པ་དང་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་དེ་བས་འཐུས་སྒོ་ཚང་བའི་ལམ་ལུགས་ཀྱི་འགན་ལེན་དང་། དེ་བས་སྲ་ཞིང་བརྟན་པའི་དངོས་པོའི་རྨང་གཞི། དེ་བས་རང་འགུལ་གྱི་བསམ་པའི་སྟོབས་ཤུགས་བཅས་མཁོ་འདོན་བྱས་ཡོད།

        ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྩ་བའི་ཁ་ཕྱོགས་དང་། མདུན་ལམ་དང་ལས་དབང་། མཐའ་མའི་རྒྱལ་ཕམ་བཅས་དང་ཐད་ཀར་འབྲེལ་བ་ཡོད། ཏང་གི་འགོ་ཁྲིད་ལས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྩ་བའི་ངོ་བོ་གཏན་འཁེལ་བྱུང་ཞིང་། གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བར་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གཞི་ནས་མདུན་ལམ་འོད་ཟེར་སྟོང་ལྡན་དང་དར་རྒྱས་གོང་འཕེལ་ཡོང་སྲིད། དེ་མིན་ན་ཁ་ཕྱོགས་འཛོལ་ཞིང་བླ་སྲོག་ཤོར་སྲིད་པ་མ་ཟད། ཐ་ན་རྩ་སློག་རང་བཞིན་གྱི་ནོར་འཁྲུལ་ཡང་ཤོར་སྲིད། ཏང་གི་འགོ་ཁྲིད་ལས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་འབད་འཐབ་དམིགས་ཚད་བཀོད་ནས་བརྟན་བགྲོད་རྒྱང་འཁྱོལ་ཐུབ་པའི་འགན་ལེན་བྱུང་ཞིང་། རང་རེའི་ཏང་གི་འབད་འཐབ་དམིགས་ཚད་ཐོག་མཐའ་བར་གསུམ་དུ་ལག་བསྟར་དང་མི་རབས་ནས་མི་རབས་བར་རྒྱུན་མཐུད་སྐུལ་འདེད་བཏང་བས་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པ་དང་ལོ་རྒྱུས་དེབ་ཐེར་དུ་འཁོད་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་ཡོད། ཏང་གི་འགོ་ཁྲིད་ལས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་སྒུལ་ཤུགས་ཧ་ཅང་ཆེན་པོ་འཕེལ་ཞིང་། རང་རེའི་ཏང་གིས་སྒྱུར་བཅོས་གསར་གཏོད་བྱེད་ཕོད་པ་དང་། ཕྱོགས་གང་ཅིའི་ཐད་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་གྱི་སྐྱོན་ཆ་རྒྱུན་ཆད་མེད་པར་བསལ་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རྫོགས་མཐའ་མེད་པའི་སྒུལ་ཤུགས་བསྣན་ཡོད། ཏང་གི་འགོ་ཁྲིད་ལས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་བརྗིད་རྔམ་ལྡན་པའི་སྟོབས་ཤུགས་གོང་བུ་འགྲིལ་ཐུབ་ཅིང་། རང་རེའི་ཏང་གིས་ཏང་གི་མང་ཚོགས་ལམ་ཕྱོགས་མཐའ་འཁྱོངས་དང་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་བཏང་སྟེ། མི་དམངས་ཡོངས་ཀྱི་བདག་པོའི་སྙིང་སྟོབས་ལ་སྐུལ་སློང་གང་ལེགས་བྱས་ཡོད།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རྒྱལ་ཁབ་ཅིག་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པར་དེང་རབས་ཅན་གྱི་སྤྱིར་བཏང་ཆོས་ཉིད་ལ་བརྩི་སྲུང་ཞུ་དགོས་ལ། རྒྱལ་ཁབ་འདིའི་དོན་དངོས་དང་དེ་བས་འཚམ་པ་དང་རྒྱལ་ཁབ་དེ་རང་གི་ཁྱད་ཆོས་ལྡན་པར་བྱེད་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རྒྱལ་ཁབ་ཁག་གི་དེང་རབས་ཅན་གྱི་ཐུན་མོང་ཁྱད་ཆོས་ཡོད་ལ། རང་ཉིད་ཀྱི་རྒྱལ་བབ་རྨང་གཞིར་བྱས་པའི་ཁྱད་ཆོས་དེ་བས་མངོན་གསལ་དོད་པོ་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་འབོར་གྱི་གཞི་ཁྱོན་ཤིན་ཏུ་ཆེ་བའི་དེང་རབས་ཅན་དང་། མི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་གི་དེང་རབས་ཅན། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་གྱི་དེང་རབས་ཅན། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན། ཞི་མཐུན་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པའི་དེང་རབས་ཅན་ཡིན་པ་བཅས་ཕྱོགས་5ཡི་ཀྲུང་གོའི་ཁྱད་ཆོས་སྙིང་བསྡུས་གསལ་པོ་བྱས་ཡོད་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཚན་རིག་དང་མཐུན་པའི་ནང་དོན་གསལ་སྟོན་གཏིང་ཟབ་ཀྱང་བྱས་ཡོད། དེ་ནི་རིགས་པའི་གཞུང་ལུགས་ཀྱི་སྙིང་བསྡུས་ཡིན་ལ་ལག་ལེན་གྱི་བླང་བྱ་ཡང་ཡིན་པས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་སྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་བསྟན་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་པ་དང་ལྷག་པར་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། ང་ཚོས་ལོ་ངོ་བཅུ་ཕྲག་འགའི་དུས་ཡུན་སྤྱད་དེ་ནུབ་ཕྱོགས་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་ལོ་ངོ་བརྒྱ་ཕྲག་འགའ་བསྐྱོད་པའི་བཟོ་ལས་ཅན་གྱི་ལོ་རྒྱུས་ལམ་བུར་བསྐྱོད་ཟིན་པ་དང་། དཔལ་འབྱོར་འཕེལ་རྒྱས་མྱུར་པོ་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་གི་བྱས་རྗེས་ངོ་མཚར་ཅན་བཏོད་དེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་མདུན་ལམ་ཡངས་པོ་བཏོད་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལམ་བུར་སྐྱོད་ཐུབ་པ་དང་བརྟན་པོ་སྐྱོད་ཐུབ་པ་ནི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་འགྲོ་ལམ་ཡང་དག་ཉག་གཅིག་ཡིན་པ་ལག་ལེན་དངོས་ཀྱི་ཐོག་ནས་ར་འཕྲོད་ཡོད།

        ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་རྩ་བ་ཟབ་མོ་ཚུགས་པ་དང་། ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་གྱི་ངོ་བོ་མཚོན་པ། མིའི་རིགས་ཀྱི་ཕུལ་བྱུང་གི་ཤེས་དཔལ་གྲུབ་འབྲས་མཐའ་དག་དཔྱད་གཞིར་བཟུང་བ་དང་བསྡུ་ལེན་བྱས་པ། མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་གྱི་འཕེལ་རྒྱས་ཁ་ཕྱོགས་མཚོན་པ། ནུབ་ཕྱོགས་དེང་རབས་ཅན་གྱི་རྣམ་པ་དང་མི་འདྲ་བའི་ལྗོངས་རིས་གསར་པ་མངོན་པ་བཅས་ནི་མིའི་རིགས་ཀྱི་ཤེས་དཔལ་རྣམ་པ་གསར་རྐྱང་ཞིག་རེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས“དེང་རབས་ཅན་དང་ནུབ་ཕྱོགས་ཅན་མཚུངས་པའི”རྨོངས་རྒྱ་གཏོར་ནས་དེང་རབས་ཅན་གྱི་ལྗོངས་རིས་གཞན་ཞིག་མངོན་པ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པའི་ལམ་བུའི་གདམ་ག་རྒྱ་ཆེར་བཏང་སྟེ། མིའི་རིགས་ཀྱིས་དེ་བས་ལེགས་པའི་སྤྱི་ཚོགས་ཀྱི་ལམ་ལུགས་འཚོལ་ཞིབ་བྱེད་པར་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱས་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་དམིགས་བསལ་གྱི་འཇིག་རྟེན་གྱི་ལྟ་བ་དང་། རིན་ཐང་གི་ལྟ་བ། ལོ་རྒྱུས་ཀྱི་ལྟ་བ། ཤེས་དཔལ་གྱི་ལྟ་བ། དམངས་གཙོའི་ལྟ་བ། སྐྱེ་ཁམས་ཀྱི་ལྟ་བ་སོགས་དང་དེ་བཞིན་དེ་དག་གི་ལག་ལེན་རླབས་པོ་ཆེ་འདུས་པ་ནི་འཛམ་གླིང་གི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་ཐད་ཀྱི་གསར་གཏོད་གལ་ཆེན་ཞིག་རེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་རང་བཙན་རང་བདག་ངང་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པར་མིག་དཔེ་བཏོད་ནས་ཁོ་ཚོར་གདམ་ག་གསར་རྐྱང་ཞིག་མཁོ་འདོན་བྱས་ཡོད།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་ནི་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་ཡིན་པས་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་དང་། བརྒྱུད་རིམ་ལྡན་པའི་འཆར་འགོད། སྤྱི་ཡོངས་ལ་སྐུལ་འདེད་བཅས་བྱེད་དགོས་པ་དང་། རྩེ་རིམ་ཇུས་འགོད་དང་ལག་ལེན་གྱི་འཚོལ་ཞིབ། འཐབ་ཇུས་དང་ཐབས་ཇུས། གཞུང་འཁྱོངས་དང་གསར་འབྱེད། ལས་ཕྱོད་དང་དྲང་གཞག གསོན་ཤུགས་དང་སྒྲིག་ལམ།  རང་ཚུགས་རང་དར་དང་ཕྱི་ཕྱོགས་སྒོ་དབྱེ་སོགས་དབར་གྱི་འབྲེལ་བ་གལ་ཆེན་རབ་དང་རིམ་པ་ཐག་གཅོད་ཡག་པོ་བྱེད་དགོས། རྩེ་རིམ་ཇུས་འགོད་བྱེད་པར་འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོ་གསལ་རྟོགས་གཏིང་ཟབ་དང་། མི་དམངས་མང་ཚོགས་ཀྱི་ཐུན་མོང་བསམ་འདུན་ཁོང་དུ་ཡང་དག་ཆུད་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་འཚོལ་ཞིབ་གཏིང་ཟབ་བཅས་བྱས་ཏེ་བཟོས་པའི་འཆར་འགོད་དང་སྲིད་ཇུས་ཀྱི་མ་ལག་ལས་དུས་རབས་ཀྱི་རང་བཞིན་མངོན་པ་དང་། ཆོས་ཉིད་ཀྱི་རང་བཞིན་ཁོང་དུ་ཆུད་པ། གསར་གཏོད་ཀྱི་རང་བཞིན་གྱིས་ཕྱུག་པ་བཅས་བྱས་ནས་ཉེ་རིང་ཟུང་འབྲེལ་དང་། གོང་འོག་འབྲེལ་མཐུད། ནང་དོན་མཐུན་སྦྱོར་བཅས་ཡོང་བར་བྱེད་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་ནི་འཚོལ་ཞིབ་ཀྱི་རང་བཞིན་ལྡན་པའི་བྱ་གཞག་ཅིག་ཡིན་པ་མ་ཟད། ད་དུང་ལྐོག་གྱུར་གྱི་ཁྱབ་ཁོངས་མང་པོ་ཡོད་པས་ང་ཚོས་ལག་ལེན་སྟར་རིང་བློ་ཁོག་ཆེན་པོས་འཚོལ་ཞིབ་དང་སྒྱུར་བཅོས་གསར་གཏོད་ལ་བརྟེན་ནས་བྱ་གཞག་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་དགོས་པ་ལས། གྲུ་ལ་རྟགས་བརྒྱབ་ནས་རལ་གྲི་འཚོལ་བ་དང་རི་བོང་སྒུག་པའི་དཔེ་ལྟར་གཏན་ནས་བྱ་མི་རུང་། འཐབ་ཇུས་ཀྱི་སྔོན་མཐོང་རང་བཞིན་ཆེ་རུ་བཏང་སྟེ་བྱ་དངོས་འཕེལ་རྒྱས་ཀྱི་ལྡོག་མེད་འཕེལ་ཕྱོགས་ཁོང་དུ་ཡང་དག་ཆུད་པ་དང་། མདུན་སྐྱོད་ལམ་བུར་ཐོན་སྲིད་པའི་གོ་སྐབས་དང་འགྲན་སློང་ཚོར་སྣང་སྐྱེན་པོས་རྟོགས་པ། ཚན་རིག་དང་མཐུན་པའི་འཐབ་ཇུས་ལ་བརྟེན་ནས་འབྱུང་འགྱུར་སྔོན་དཔག་དང་འབྱུང་འགྱུར་ལ་སྣེ་ཁྲིད་བཅས་བྱེད་དགོས། འཐབ་ཇུས་ཀྱི་སྤྱི་ཡོངས་རང་བཞིན་ལ་ཤུགས་སྣོན་བརྒྱབ་སྟེ་འཐབ་ཇུས་ཀྱི་དམིགས་ཚད་འཆར་འགོད་དང་། འཐབ་ཇུས་ཀྱི་བྱ་ཐབས། འཐབ་ཇུས་ཀྱི་བཀོད་སྒྲིག་བཅས་ཚང་མ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་དར་རྒུད་རྒྱལ་ཕམ་དང་འབྲེལ་བ་དང་། སྐྲ་ཉག་གཅིག་གིས་ལུས་ཕུང་ཧྲིལ་པོ་སྒུལ་བའི་གནད་དོན་གལ་ཆེན་ཐག་གཅོད་བྱེད་པར་དམིགས་དགོས། འཐབ་ཇུས་ཀྱི་བརྟན་པོའི་རང་བཞིན་ཆེ་རུ་བཏང་སྟེ་འཐབ་ཇུས་གྲུབ་པ་ཙམ་གྱིས་ཡུན་རིང་རྒྱུན་འཁྱོངས་དང་། དམ་འཛིན་མཐར་ཕྱིན་པ། མགོ་ཡོད་མཇུག་ཡོད་བཅས་བྱེད་དགོས་པ་ལས་གང་འདོད་ལྟར་འགྱུར་ལྡོག་གཏོང་མི་རུང་། འཐབ་ཇུས་ཀྱི་རྩ་དོན་རང་བཞིན་དང་ཐབས་ཇུས་ཀྱི་བབ་བསྟུན་རང་བཞིན་ཟུང་འབྲེལ་གང་ལེགས་བྱས་ཏེ་བབ་བསྟུན་སྐབས་སྤྱོད་དང་། སྐབས་བསྟུན་སྟབས་བསྟུན། བབ་བསྟུན་ཐག་གཅོད་བཅས་བྱེད་དགོས་ཤིང་། ཡུལ་བབ་དང་བསྟུན་པ་དང་། དུས་བསྟུན་སྒུལ་སྐྱོད། བབ་བསྟུན་ལས་སྒྲུབ་བཅས་བྱེད་རིང་འཐབ་ཇུས་ཀྱི་རང་འགུལ་ལ་སྟངས་འཛིན་བྱེད་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྩ་བ་དང་། ཁུངས། གཞི། བླ་སྲོག་བཅས་ཡག་པོ་བསྲུངས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་། ངོ་བོའི་བླང་བྱ། རྩ་དོན་གལ་ཆེན་བཅས་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བར་མཐའ་འཁྱོངས་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཡང་དག་པའི་ཁ་ཕྱོགས་འགན་ལེན་བྱེད་དགོས། གསར་གཏོད་རྒྱལ་ཁབ་འཕེལ་རྒྱས་སྤྱི་ཡོངས་ཀྱི་མངོན་གསལ་དོད་པའི་གནས་བབ་ཏུ་བཞག་ནས་དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་དང་བསྟུན་པ་དང་། རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ཐག་གཅོད་ལ་དམིགས་པ། འཕོ་འགྱུར་ཤེས་པ་དང་། བསྟུན་པ། དོན་གཉེར་བཅས་ཧུར་ཐག་བྱེད་པ། སྒྱུར་བཅོས་དང་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་རྒྱུན་ཆད་མེད་པར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པའི་ལེགས་ཆ་བཏོད་དེ། སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་ཀྱི་གསོན་ཤུགས་གང་ལེགས་འཕེལ་བར་བྱེད་དགོས། མ་རྩ་རིང་ལུགས་ལས་དེ་བས་ཆེ་བའི་ལས་ཕྱོད་གསར་གཏོད་བྱེད་དགོས་ལ། སྤྱི་ཚོགས་ཀྱི་དྲང་གཞག་ལའང་སྲུང་སྐྱོང་སྔར་བས་ནུས་ལྡན་བྱེད་དགོས་པ་མ་ཟད། ལས་ཕྱོད་དང་དྲང་གཞག་ཕན་ཚུན་ལྟ་རྟོག་དང་། ཕན་ཚུན་སྐུལ་འདེད། ཕན་ཚུན་གཅིག་གྱུར་བཅས་སྔར་བས་མངོན་འགྱུར་ཡོང་བར་བྱེད་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་ནས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་དང་། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་ནུས་པ་ཆེ་རུ་གཏོང་བ། རྒྱལ་ཁབ་ཀྱི་སྲིད་དབང་བདེ་འཇགས་དང་། ལམ་ལུགས་ཀྱི་བདེ་འཇགས། འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས། གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་བཅས་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བཅས་བྱེད་དགོས། རང་བཙན་རང་བདག་དང་རང་ཚུགས་རང་དར་མཐའ་འཁྱོངས་དང་། རྒྱལ་ཁབ་དང་མི་རིགས་ཀྱི་འཕེལ་རྒྱས་རང་གི་སྟོབས་ཤུགས་ཀྱི་རྩ་བར་མཐའ་འཁྱོངས་འཇོག་པ། རང་རྒྱལ་འཕེལ་རྒྱས་ཡར་ཐོན་ཡོང་བའི་ལས་དབང་སོ་སོ་རང་ཉིད་ཀྱི་ལག་ཏུ་དམ་པོར་མཐའ་འཁྱོངས་འཛིན་པ་བཅས་བྱེད་དགོས། རྒྱུན་ཆད་མེད་པར་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་། གོ་ལ་ཧྲིལ་པོའི་ཐོན་ལས་ཀྱི་ལས་བགོ་དང་མཉམ་ལས་ལ་གཏིང་ཟབ་ཞུགས་པ། རྒྱལ་ནང་དང་རྒྱལ་ཕྱིའི་ཐོན་ཁུངས་གཉིས་གང་ལེགས་སྤྱོད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་བར་མཐོངས་རྒྱ་སྐྱེད་གཏོང་བ་བཅས་བྱེད་དགོས།

        ཞི་ཅིན་ཕིང་གིས་བསྟན་གནང་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་ནི་སྔར་འབྱུང་མ་མྱོང་བའི་གསར་འབྱེད་རང་བཞིན་གྱི་བྱ་གཞག་ཅིག་ཡིན་པས། སྔོན་དཔག་བྱེད་ཐུབ་པ་དང་སྔོན་དཔག་དཀའ་བའི་ཉེན་ཁ་འགྲན་སློང་དང་དཀའ་ངལ་གེགས་བར་སྣ་ཚོགས་དང་། ཐ་ན་དཀའ་སྡུག་དང་འཇིགས་སྣང་ཡང་འཕྲད་ངེས་རེད། དེར་བརྟེན་སེམས་ཁྲལ་གྱི་འདུ་ཤེས་ཆེར་གཏོང་དང་། མཐའ་ཚད་ཀྱི་བསམ་ཕྱོགས་མཐའ་འཁྱོངས། བདེ་སྡོད་ཉེན་བསམ་དང་མ་བྱུང་སྔོན་འགོག འཐབ་རྩོད་བྱེད་ཕོད་པ། འཐབ་རྩོད་བྱེད་མཁས་པ་བཅས་བྱས་ཏེ་ཞུམ་མེད་འཐབ་རྩོད་ལ་བརྟེན་ནས་བྱ་གཞག་འཕེལ་རྒྱས་ཀྱི་ཡུལ་ཁམས་གསར་པ་སྐྲུན་དགོས། འཐབ་ཇུས་ཀྱི་རིག་པ་དྭངས་གསལ་རྒྱུན་འཁྱོངས་བྱས་ནས་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ཐད་གདེང་ཚོད་ཡོད་པ་དང་། འཐབ་ཇུས་ཀྱི་གདེང་ཚོད་རྒྱུན་འཁྱོངས་བྱས་ཏེ་འཐབ་རྩོད་ཀྱི་བློ་སྤོབས་ཆེ་རུ་གཏོང་བ། འཐབ་ཇུས་ཀྱི་རང་འགུལ་རྒྱུན་འཁྱོངས་བྱས་ནས་འཐབ་རྩོད་ཀྱི་འཇོན་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ནུས་པ་ཆེར་གཏོང་ལ་ཤུགས་སྣོན་བརྒྱབ་ནས་འགོ་ཁྲིད་ལས་བྱེད་པ་དང་ལྷག་དོན་དུ་ན་གཞོན་ལས་བྱེད་པར་བསམ་བློའི་ཞུན་བརྡར་དང་། ཆབ་སྲིད་ཀྱི་མྱོང་བརྡར། ལག་ལེན་གྱི་སྦྱོང་བརྡར། ཆེད་ལས་ཀྱི་ནན་བརྡར་བཅས་སྤྲས་ནས་རྙོག་འཛིང་ཛ་དྲག་གི་འཐབ་རྩོད་བྱེད་རིང་དཀའ་སྡུག་བཟོད་པ་དང་། མཐོང་རྒྱ་ཆེར་སྐྱེད། སྟོབས་ཤུགས་རྒྱས་པ། འཇོན་ཐང་འཕེལ་བ་བཅས་བྱེད་དགོས། ཛ་དྲག་རྙོག་འཛིང་གི་འཐབ་རྩོད་བྱེད་རིང་ལས་བྱེད་པར་རྟོག་ཞིབ་དང་དབྱེ་འབྱེད་ངོས་འཛིན་བྱེད་པར་སྣང་ཆེན་བྱས་ཏེ་འཐབ་རྩོད་བྱེད་ཕོད་པ་དང་བྱེད་མཁས་པ་དང་། འགན་འཁུར་ལས་སྒྲུབ་བྱེད་ཕོད་པ། དམ་འཛིན་བྱེད་ཕོད་པ་དང་དོ་དམ་བྱེད་མཁས་ཤིང་། མི་ལ་ཕོག་པར་མི་སྐྲག་པ་བཅས་ཀྱི་ལས་བྱེད་པར་རྒྱབ་སྐྱོར་དང་ལྕག་སྐུལ་བྱེད་པ་དང་། ཡིད་ཆེས་རུང་བ་བློ་ཁོག་ཆེན་པོས་བཀོལ་སྤྱོད་བྱེད་དགོས།

        མཇུག་ཏུ་ཞི་ཅིན་ཕིང་གིས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་འགོ་འཛུགས་ལོའི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས་ཤིང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་བརྟན་ལྷིང་གཙོ་བོར་བཟུང་བ་དང་བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས་བྱས་ནས། རྒྱལ་ནང་དང་རྒྱལ་སྤྱི་སྤྱི་ཡོངས་གཉིས་ལ་སྔར་བས་སྤྱི་འདོམས་ཡག་པོ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དེ་བཞིན་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་བས་སྤྱི་འདོམས་ཡག་པོ། འཕེལ་རྒྱས་དང་བདེ་འཇགས་ལ་སྔར་བས་སྤྱི་འདོམས་ཡག་པོ་བཅས་བྱེད་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེ་ཟབ་ཏུ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་མ་གཏོང་བ། གཉེར་སྐྱོང་བྱེད་པོར་གདེང་ཚོད་ཆེར་གཏོང་དང་སྤྱི་ཚོགས་ཀྱི་སྔོན་དཔག་བརྟན་གཏོང་ཐད་སྔར་བས་ཁྲིད་སྟོན་གྱིས་སྤྱིའི་ཆ་ནས་དཔལ་འབྱོར་འཁོར་རྒྱུག་ཡག་པོ་ཡོང་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1