༄༅།། དབང་པོ་ལྔ་ལ་བརྟེན་ནས་བྱིས་པའི་སྒོ་གསུམ་བྱ་སྤྱོད་ཡར་སྐུལ་གཏོང་བའི་ཐབས་བཤད་པ།

ཚེ་རིང་བཀྲ་ཤིས། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 02-23



ཚེ་རིང་བཀྲ་ཤིས། མཚོ་སྔོན་དགེ་འོས་སློབ་ཆེན།

        སློབ་གསོའི་ལམ་ལུགས་ཡང་དག་ཅིག་གིས་མི་རྣམས་ལེགས་པའི་ལམ་དུ་འཁྲིད་ཐུབ་ཅིང་། སློབ་གསོའི་ལམ་ལུགས་གོ་འཛོལ་ཅན་གྱིས་མི་རྣམས་ལོག་ལམ་དུ་འཁྲིད་ངེས། མི་ཞིག་གི་རྒྱལ་ཁ་དང་ཡང་ན་ཁྱིམ་ཚང་གི་རྒྱལ་ཁ། ཡང་ན་མི་རིགས་དང་རྒྱལ་ཁབ་ཀྱི་རྒྱལ་ཁ་ནི་དེའི་ཕ་རོལ་ན་གནས་པའི་སློབ་གསོ་དང་ཁ་འབྲལ་ཐབས་མེད་པས། འཛམ་བུ་གླིང་གི་ཡུལ་ལུང་སོ་སོས་སློབ་གསོ་ལ་གོང་བཀུར་བྱས་ཏེ་སློབ་གསོ་གཙིགས་སུ་འཛིན་བཞིན་ཡོད་ལ། སློབ་གསོ་ནི་མི་རབས་གཅིག་གཉིས་ཤིག་གི་བྱ་བ་ཞིག་ཀྱང་རྩ་བ་ནས་མིན་པར། དེ་ཡི་རྒྱུན་ནི་མི་རབས་གསར་པར་གནས་པའི་བྱིས་པ་རྣམས་དང་འབྲེལ་བས། བྱིས་པ་ནི་རྒྱལ་ཁབ་དང་མི་རིགས་གང་དེའི་མ་འོངས་པའི་དར་རྒུད་དང་ཐད་ཀར་འབྲེལ་ནས་ཡོད་པས། བྱིས་པའི་སློབ་གསོ་ལ་མཐོང་ཆེན་པོ་བྱེད་རྒྱུ་ནི་ཤིན་ཏུ་འགངས་ཆེ་བར་མཐོང་ངོ་། །

        བྱིས་པ་སྐྱེས་པ་ནས་མི་དང་རང་བྱུང་ཁམས་གཉིས་ལ་འབྲེལ་བ་འབྱུང་དགོས་ཏེ། དེ་གཉིས་ལ་འབྲེལ་བ་བྱུང་བ་ལ་བརྟེན་ནས་ད་གཟོད་འཇིག་རྟེན་ལྟ་ཚུལ་དང་མི་ཚེའི་ལྟ་ཚུལ། རིན་ཐང་ལྟ་ཚུལ་ཆགས་པ་ཡིན། ལྟ་ཚུལ་འདི་དག་ཤེས་པར་འབྲེལ་ཏེ། དེས་ན་ཤེས་པ་ནི་དབང་པོ་ལྔ་ལ་བརྟེན་ནས་འབྱུང་དགོས་པས། ཡུལ་ཅན་དབང་པོ་ལྔ་ནི་ཡུལ་གང་ཞིག་ལ་འཇུག་པ་ལས་ཤེས་པ་འབྱུང་ཞིང་། ཤེས་པ་ནི་མིག་གིས་མཐོང་ཐབས་མེད་ཅིང་ལག་པས་རེག་ཐབས་མེད་པར། དེ་ནི་མི་ཡི་རྣམ་ཤེས་དང་བླ་དང་སྲོག་ལ་འཐིམས་ཡོད་པས། དེ་ལ་བརྟེན་ནས་མི་དང་མི་ཡི་ཁྱད་པར་དང་མི་རིགས་དང་མི་རིགས་ཀྱི་མཚམས་འབྱེད་པ་ཡིན། དེ་བས་བྱིས་དུས་སུ་ཡོད་པའི་བག་ཆགས་ནི་ནམ་ཡང་བརྗེད་དུ་མེད་ཅིང་། བྱིས་དུས་སུ་དབང་པོའི་སྤྱོད་ཡུལ་དུ་གྱུར་བ་གང་དེས་བྱིས་པའི་མི་ཚེ་ཧྲིལ་པོའི་བསམ་བློའི་འཁྱེར་སོ་ལ་ཤུགས་རྐྱེན་ཐེབས་སྲིད་པས། བྱིས་དུས་ནས་བཟུང་སྟེ་མི་གང་དེའི་དབང་པོ་རྣམ་ལྔའི་སྤྱོད་ཡུལ་སྐྱོན་གྱིས་མ་གོས་པར་ལེགས་པར་འདུག་ན་དེར་དེ་དང་མཐུན་པའི་ཀུན་སློང་རྣམ་དག་དང་ཀུན་སྤྱོད་གཙང་མ་ཡོད་ངེས་ཤིང་། གལ་ཏེ་དེ་ལས་ལྡོག་ན་བྱིས་པ་རྣམས་ཀྱི་ཀུན་སློང་དང་ཀུན་སྤྱོད་ཀྱང་ལོག་པར་འགྲོ་བས། བྱིས་པ་མི་ཅི་འདྲ་ཞིག་ཏུ་གཏོང་མིན་ནི་ཐད་ཀར་དེའི་དབང་པོ་རྣམ་ལྔའི་སྤྱོད་ཡུལ་ག་འདྲ་ཞིག་ཡིན་པར་འབྲེལ་བས། ད་ནི་དེ་དག་གི་སྐོར་ནས་གླེང་བར་བྱའོ། །

དང་པོ། དབང་པོ་ལྔ་ལ་བརྟེན་ནས་བྱིས་པར་ཕུགས་བསམ་བསྐྲུན་པ།

        དོགས་པ་དང་མཚར་སྣང་ལ་བརྟེན་ནས་མི་ནི་ཡར་རྒྱས་སུ་འགྲོ་བ་ཞིག་ཡིན། མི་རིགས་གཞན་གྱིས་ཆུང་དུས་ནས་བྱིས་པ་རང་བྱུང་ཁམས་དང་ཉེ་བར་བཅར་དུ་བཅུག་སྟེ་རང་བྱུང་ཁམས་དང་དེར་ཡོད་པའི་རི་ཆུ་ནགས་གསུམ། ཁང་ཁྱིམ་དང་ཉི་ཟླ། གློག་གི་འོད་དང་འབྲུག་གི་སྒྲ། ནམ་མཁར་འཕུར་བའི་འདབ་ཆགས་ཀྱི་རིགས་སྣ་ཚོགས། ས་རུ་ཡོད་པའི་སྲོག་ཆགས་དང་རྩྭ་རྩི་ཤིང་། ཤིང་ཏོག་དང་འབྲུ་སེའུ་ཡི་རིགས་སྣ་ཚོགས། མཚོ་རུ་ཡོད་པའི་གསེར་མིག་ཉ་ཆུང་དང་ལྕོང་མོ་སོགས་ཀྱི་སེམས་ཅན་མང་པོར་མིག་གིས་བལྟ་བ་དང་རྣ་བས་ཉན་པ། སྣ་ཡིས་སྣོམ་པ། ལུས་དང་ལྕེ་ཡིས་མྱོང་བར་བསྐུལ་ཏེ་རང་བྱུང་ཁམས་དང་འབྲེལ་འདྲིས་བྱེད་དུ་བཅུག་སྟེ། ཁོང་ཚོའི་དབང་པོ་རྣམ་ལྔར་སྦྱོང་བརྡར་བྱས་ཏེ། རང་བྱུང་ཁམས་ནས་ཤེས་བྱ་མང་པོ་སློབ་པར་ཁོར་ཡུག་བསྐྲུན་ནས་བྱིས་པའི་སྒོ་གསུམ་ཡར་ལྡན་དུ་གཏོང་གི་ཡོད། གལ་ཏེ་ཆུང་དུས་ནས་བྱིས་པའི་དབང་པོ་རྣམ་ལྔ་བེད་མ་སྤྱད་པར་ཡལ་བར་བསྐྱུར་ཚེ། ནར་སོན་ན་བྱིས་པའི་དབང་པོ་རྣམ་ལྔའི་ནུས་པ་ཤོར་ཞིང་དེ་ལ་བརྟེན་ནས་ཐོབ་པའི་མྱོང་བ་དང་ཤེས་བྱ་སྣ་ཚོགས་ཀྱང་ཐོབ་ཐབས་མེད་པས།བྱིས་པར་རེ་བ་དང་རྨི་ལམ་ཡང་འཁྲུངས་ཐབས་མེད། དེ་བས་ཕ་མ་རྣམས་ཀྱིས་ཐབས་ཤེས་མང་པོ་སྤྱད་དེ་བྱིས་པར་རྨི་ལམ་དང་རེ་བ་བསྐྲུན་རྒྱུ་ནི་ཤིན་ཏུ་གལ་ཆེན་དུ་མཐོང་ངོ་། །

        རྒན་དར་བར་མའི་སྐྱེ་བོ་སུ་ལ་མཚོན་ནའང་བསྟོད་ན་དགའ་ཞིང་སྨད་ན་མི་དགའ་བའི་ཚོར་བའི་ངང་དུ་གནས་པས། དགའ་ན་སྤྲོ་ཞིང་སྡུག་ན་མཆི་མ་བཞུར་ལ། གཏམ་སྙན་ཐོས་ན་རེ་བ་སྐྱེས་ཤིང་གཏམ་མི་སྙན་པ་གོ་ན་ཡིད་ཆེས་ཀྱི་སེམས་པ་ཐང་ལ་ལྷུང་ངེས། དེ་བས་རྒན་དར་བར་མའི་སྐྱེ་བོ་སུ་ཡིན་ཡང་རང་རང་གི་སེམས་སུ་ཕུགས་བསམ་རེ་ཡོད་རྒྱུ་ནི་ཤིན་ཏུ་གལ་ཆེ་ཞིང་བྱིས་པ་རྣམས་ཀྱང་དེ་ལས་མ་འདས། ཆོས་རྗེ་དོན་རིན་པོ་ཆེས་རྗེ་ཙོང་ཁ་པར་སློབ་གཉེར་གྱི་གོ་རིམ་བསྟན་དུས། “གཞོན་ནུ་བློ་བཟང་གྲགས་པ་ཁྱོད། །སྔོན་སྦྱངས་དགེ་བའི་ལས་འཕྲོ་ཅན། །སྔོན་ཚེ་དམ་ཆོས་བདུད་རྩིའི་རོ། །འཐུང་བའི་བག་ཆགས་ཡོད་པར་ངེས། །”ཞེས་གསུངས་པའང་མཐར་དེད་ན་རྗེ་རིན་པོ་ཆེ་ལ་རེ་བ་དང་ཕུགས་བསམ་བསྐྲུན་པའི་ཆེད་དུ་ཁོང་ལ་སྙིང་ཕུར་གདབ་པའོ། ། རྗེ་རིན་པོ་ཆེ་ལའང་ཕུགས་བསམ་དང་རེ་བ་ཡོད་པས་ད་གཟོད་མི་རབས་ནས་མི་རབས་བར་མཆོག་དམན་བར་མའི་སྐྱེ་བོ་ཀུན་གྱི་ངག་སྒོ་བརྒྱུད་ནས་ད་ལྟའང་མཚན་གྱི་སྙན་པ་མི་རེ་རེའི་སེམས་ལ་སིམ་སྟེ་གནས་པའོ། །དེ་བས་ཁྱིམ་བདག་རྣམས་ཀྱིས་ཀྱང་རང་གི་བུ་ཕྲུག་ལ་འོས་འཚམ་གྱི་རང་དབང་གི་ཁོར་ཡུག་བསྐྲུན་ཏེ་རེ་བ་དང་ཕུགས་བསམ་བསྐྲུན་པ་ལས་ཁོ་ཚོའི་རང་རྩིས་བསམ་པར་ཇི་མི་སྙམ་པར་རྡོག་བརྫིས་བཏང་སྟེ། རྣ་ལ་གོ་ཚད་བྱིས་པ་ལ་བཤད། མིག་གིས་མཐོང་ཚད་བྱིས་པ་ལ་བསྟན། ལུས་ཀྱིས་གོན་ཚད་བྱིས་པ་ལ་སྤྲད། ལྕེ་ཡིས་མྱོང་ཚད་ཐམས་ཅད་བྱིས་པ་ལ་ཟ་རུ་བཅུག་ན་བྱིས་པའི་བདེ་ཐང་དང་། དེ་ནས་བྱིས་པའི་རེ་བ་དང་ཕུགས་བསམ་མང་པོ་ཞིག་བཅོམ་པའི་རྒྱུ་རུ་འགྱུར་བའོ། །

གཉིས་པ། དབང་པོ་ལྔ་ལ་བརྟེན་ནས་བྱིས་པའི་ཀུན་སློང་རྣམ་དག་ཡོང་བར་འབད་པ།

        མི་ཞིག་ལ་ཀུན་སློང་རྣམ་དག་ཅིག་ཡོད་རྒྱུ་ནི་ཤིན་ཏུ་གལ་ཆེན་དུ་མཐོང་སྟེ། དེ་ནི་ཡིད་དང་འདྲེས་ཤིང་དེས་མི་ཡི་ལུས་ངག་གཉིས་ལ་བཀོད་འདོམས་ལྟ་བུའི་ནུས་པ་ཐོན་པས། ཆུང་ངུའི་དུས་ནས་མིག་གིས་ཕྱིན་ཅི་ལོག་པའི་བྱ་སྤྱོད་དེ། རྐུན་དང་ཇག་བྱེད་པ་སོགས་མཐོང་ནས་ནར་སོན་པའི་བྱིས་པ་ཞིག་ཡིན་ན། དེའང་དེ་འདྲ་ཞིག་ཏུ་འགྱུར་བས་ཁྱིམ་བདག་རྣམས་ཀྱིས་བྱིས་པའི་མིག་ལམ་དུ་རང་ཉིད་ནས་མགོ་བཙུགས་ཏེ་རྐུན་དང་ཇག་མི་བྱེད་པ་དང་། ནང་མི་བར་འཁོན་འཛིང་མི་བྱེད་པར་རང་ཉིད་འཚོ་ཞིང་གནས་པའི་འཇིག་རྟེན་ནི་འདི་འདྲའི་དྲི་མས་མ་གོས་ཤིང་ལྷད་མེད་པའི་འཇིག་རྟེན་ཞིག་ཡིན་པ་སྟོན་དགོས་སོ།། དེ་བཞིན་རྣ་ལམ་དུ་རང་གི་རིག་གནས་ཀྱིས་སྙིང་པོ་བྱས་པའི་སྒྲུང་དང་གཏམ་རྒྱུད་སོགས་བཤད་དེ་ལས་རྒྱུ་འབྲས་དང་ཚེ་སྔ་ཕྱི། བྱམས་སྙིང་རྗེ་སོགས་ཀྱི་བསམ་བློ་སེམས་ཀྱི་ཟབ་སར་བརྐོ་ཅི་ཐུབ་བྱ་དགོས།དཔེར་ན། སྲོག་ཆགས་ཆུང་ཆུང་ལ་གཅེས་སྐྱོང་བྱེད་པ་ནི་འཇར་མན་གྱི་བྱིས་པ་མང་པོ་ཞིག་གིས་དང་ལེན་བྱས་པའི“གཤིས་བཟང་སློབ་གསོ”ཡི་སློབ་ཁྲིད་དང་པོ་དེར་ཆགས་ཡོད་པ་རེད། བྱིས་པ་ད་སོ་མར་གོམ་པ་སྤོ་ཤེས་མ་ཐག་ཏུ་འཇར་མན་གྱི་ཁྱིམ་ཚང་མི་ཉུང་བ་ཞིག་གིས་ཆེད་དུ་བྱིས་པར་ཁྱི་གུ་དང་བྱི་ལ། རི་བོང་དང་གསེར་ཉ་སོགས་སྲོག་ཆགས་ཆུང་ཆུང་གསོ་བར་མ་ཟད། བྱིས་པར་དངོས་སུ་སྲོག་ཆགས་ཆུང་ཆུང་དེ་དག་ལ་ལྟ་སྐྱོང་བྱེད་དུ་འཇུག་པའི་གོ་རིམ་ཁྲོད་ནས་ཉམ་ཆུང་གི་ཚེ་སྲོག་ལ་བདག་སྐྱོང་བྱེད་ཤེས་སུ་འཇུག་པ་རེད། དེ་བཞིན་རང་རེའི་ཁྱིམ་བདག་དག་གིས་ཀྱང་བྱིས་པའི་ལུས་སེམས་དང་བཅས་པ་འདི་ལྟ་བུའི་བྱ་འགུལ་ལ་དངོས་སུ་ཞུགས་སུ་བཅུག་ནས་བྱིས་པའི་ནང་སེམས་དྲི་མས་མ་གོས་ཤིང་རང་ཉིད་འཚོ་ཞིང་གནས་པའི་གནས་འདིར་དགའ་ཞིང་། འདིར་འཚོ་བའི་སྲོག་ཆགས་དུད་འགྲོ་དང་བཅས་པར་ཡང་འཚེ་བ་མི་བྱེད་པའི་བསམ་བློ་གཙང་མ་ཞིག་སྐྱེ་བར་འབད་དགོས་ཤིང་། དེའང་ཁྱིམ་བདག་རང་ཉིད་རྩ་བར་བྱས་ཏེ་མིག་དཔེ་སྟོན་པ་ལས་རང་ཉིད་བསྐྱུར་ནས་བྱིས་པ་གཅིག་པུ་ལ་ཚད་ལས་བརྒལ་བའི་རེ་བ་འཛིན་པ་ནི་འགྲུབ་ཐབས་མེད་པའི་དོན་ཞིག་ལས་མ་འདས་སོ། །

གསུམ་པ། དབང་པོ་ལྔ་ལ་བརྟེན་ནས་བྱིས་པའི་ཀུན་སྤྱོད་ཇེ་ལེགས་སུ་གཏོང་བ།

        ཀུན་སྤྱོད་ལེགས་པོ་ཞིག་ཡོད་རྒྱུ་ནི་འགངས་ཆེ་ཞིང་། དེ་ནི་མིའི་ལུས་ངག་གཉིས་ཀྱི་ཆ་དང་འབྲེལ་ཞིང་། མིག་དང་རྣ་གཉིས་ལ་བརྟེན་ནས་གཞན་གྱི་ཡིད་ལ་ཁྱོད་ཀྱི་བཟང་ངན་གྱི་སྣང་བརྙན་བརྐོ་ངེས།དེ་བས་ཀུན་སྤྱོད་ཀྱིས་མི་ཞིག་གི་མི་ཚེ་ཡི་ཁ་ཕྱོགས་དང་མ་འོངས་པའི་མདུན་ལམ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ངེས། དེ་བས་རང་རེའི་ཁྱིམ་བདག་རྣམས་ཀྱིས་བྱིས་པ་རྣམས་ལ་ཀུན་སྤྱོད་ལེགས་པོ་ཞིག་སྐྱེད་སྲིང་བྱ་རྒྱུ་ནི་གནད་ཅན་གྱི་དོན་ཞིག་ཏུ་མཐོང་བས། སྔོན་གྱི་སྲོལ་བཟང་དར་སྤེལ་གྱིས་བྱིས་པའི་མཐོང་ལམ་དུ་ཆེ་བཀུར་ཆུང་བྱམས་དང་ལུས་ཀྱི་བསྟི་བསྟང་བཟང་ལམ་ལ་བརྩོན་པ་དང་། ཆས་དང་ཆ་ལུགས་ལེགས་པར་སྤྲས་ཏེ་བྱིས་པའི་ལུས་ཀྱི་ཆ་རྣམས་ལེགས་པར་བརྒྱན་པར་བརྩོན་ནས་ལུས་ཀྱི་བྱ་བྱེད་མཐའ་དག་མཐོང་ན་སེམས་ལ་འགྲོ་བ་ཞིག་བྱེད་དགོས། རྣ་ལམ་དུ་སྐད་ཆ་ལེགས་པར་བཤད་པའམ་སྐད་ཆ་སྙན་པར་བཤད་པ། སྐད་ཆའི་གཏིང་དང་སྒྱུ་རྩལ་གྱི་ཆ་རྣམས་བཤད་དེ་བྱིས་པའི་ཡིད་ལ་གོམས་པར་བརྩོན་ནས་གཞན་གྱི་སྐད་ཆར་ཉན་ཤེས་པ་དང་གཞན་ལ་སྐད་ཆ་སྨྲ་ཤེས་མཁན་ཞིག་དང་། སྨྲས་པའི་སྐད་ཆར་ཉན་མ་ཐག་ཕ་རོལ་བའི་སེམས་མགུ་བའི་རྒྱུ་རུ་འགྱུར་བའི་ངག་གི་ཡོན་ཏན་རྫོགས་པའི་མི་ཞིག་ཏུ་འགྱུར་བར་བརྩོན་དགོས་སོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1