༄༅། །སློབ་མ་དང་ཁྱིམ་བདག སློབ་གྲྭ་སོགས་ཀྱིས་དབུགས་ལམ་ནད་རིགས་འབྱུང་བ་ལ་སྔོན་འགོག་ཇི་ལྟར་བྱེད་དམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-27



        ཉེ་ཆར། ཧྲང་ཧའེ་དང་ཐེན་ཅིན། ཀྲེ་ཅང་སོགས་ཀྱི་སློབ་གྲྭ་ཁ་ཤས་སུ་པྲོག་གསར་ནད་དུག་དང་ཆམ་རིམས་ཀ་རིགས་འགོས་པའི་ནད་པ་བྱུང་བའི་དབང་གིས། སློབ་ཁྲིད་བྱེད་མཚམས་འཇོག་པའི་བརྡ་སྦྱོར་བཏང་བ་རེད། དེ་ན། སློབ་གྲྭ་འཚོགས་མགོ་ཚུགས་རྗེས། སློབ་མ་དང་ཁྱིམ་བདག སློབ་གྲྭ་སོགས་ཀྱིས་ཆམ་རིམས་ལྟ་བུའི་དབུགས་ལམ་འགོས་ནད་རིགས་འབྱུང་བ་ལ་སྔོན་འགོག་ཇི་ལྟར་བྱེད་དམ་ཞེ་ན།

ཐོག་མར། སློབ་མ་དང་ཁྱིམ་བདག་རྣམས་ཀྱིས་འདི་ལྟར་བསྒྲུབ་དགོས་པ་སྟེ།

        གཅིག ནམ་ཟླའི་འགྱུར་ལྡོག་ལ་མཉམ་འཇོག་བྱས་ཏེ། དྲོད་ཚད་མཐོ་དམའ་ལ་གཞིགས་ནས་ལྭ་བ་ཁ་སྣོན་དང་ཇེ་ཉུང་དུ་བཏང་སྟེ་ལུས་པོ་འཁྱགས་པར་འགྱུར་བ་ལ་སྔོན་འགོག་བྱ་དགོས།

        གཉིས། མི་སྒེར་གྱི་གཙང་སྦྲ་ལ་མཉམ་འཇོག་བྱས་ཏེ། ལྭ་བ་བརྗེ་བ་དང་ལག་པ་རྒྱུན་པར་བཀྲུ་བ། ལག་ཕྱིས་སོགས་མཉམ་སྤྱོད་མི་བྱེད་པ། ཧབ་ཆི་རྒྱག་པ་དང་གློ་ལུ་བའི་སྐབས། གཙང་ཤོག་གམ་ཡང་ན་གྲུ་མོ་ཡིས་ཁ་སྣ་དགབ་དགོས།

        གསུམ། གཉིད་འདང་ངེས་ཡིན་པ་དང་བཟའ་བཏུང་བདེ་འཇགས་ཡིན་པ། འགུལ་སྐྱོད་འོས་འཚམ་བྱེད་པ་བཅས་རྒྱུན་འཁྱོངས་བྱ་དགོས།

        བཞི། ཁང་བའི་ནང་གི་མཁའ་རླུང་དང་འདུག་ཉལ་གྱི་ཁོར་ཡུག་གཙང་མ་ཡིན་པ་རྒྱུན་འཁྱོངས་བྱ་དགོས།

        ལྔ། ནུས་ཚོད་ཀྱིས་ཆམ་རིམས་སོགས་ཕོག་པའི་ནད་པ་ལ་ཐུག་རེག་མེད་པར་བྱེད་པ་དང་། གལ་ཏེ་ངེས་པར་དུ་འབྲེལ་བ་འདྲ་བྱ་དགོས་ན། ཁ་ཐུམ་ཡང་དག་ངང་བརྒྱག་དགོས།

        དྲུག ནད་ཕོག་ཡོད་ནའང་སྔར་བཞིན་སློབ་ཁྲིད་ལ་ཞུགས་པ་སོགས་གཏན་ནས་མི་བྱེད་པ་དང་། འབྲེལ་ཡོད་འགོག་སྡོམ་བྱ་བ་ཁག་ལ་རམ་འདེགས་གང་ལེགས་བྱ་དགོས།

དེ་ནས་སློབ་གྲྭ་དང་བྱིས་བཅོལ་སྡེ་ཁག་གིས་འདི་ལྟར་བསྒྲུབ་དགོས་པ་སྟེ།

        གཅིག སློབ་མ་ལ་ནད་ཕོག་ཚེ། འཕྲལ་མར་ཁ་ཐུམ་རྒྱག་པ་དང་ལོགས་བཀར་བྱ་དགོས་པ་ལས་གཞན། ད་དུང་འཛིན་བདག་གིས་དུས་ཐོག་ཏུ་ཁྱིམ་བདག་ལ་བརྡ་བཏང་ནས་སྨན་ཁང་དུ་སྐྱེལ་བའམ་ཡང་ན་རང་ཁྱིམ་ནས་ངལ་གསོ་བྱེད་དུ་འཇུག་དགོས།

        གཉིས། ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་བྱེད་པ་སྟེ། ཞོགས་པ་དང་ཉིན་གུང་གི་ལྟ་ཞིབ་ཚད་ལེན་བྱེད་ཚད་ཇེ་དྲག་ཏུ་གཏོང་བ་དང་། ན་བའི་དབང་གིས་སློབ་ཁྲིད་ལ་ཞུགས་མ་ཐུབ་པའི་ཐོ་འགོད་བྱ་བ་ལེགས་པར་སྒྲུབ་པ། ནད་པ་གསར་བ་བྱུང་ན་དུས་ཐོག་ཏུ་ཡར་ཞུ་བྱེད་པ་བཅས་བྱ་དགོས།

        གསུམ། སློབ་ཁང་དང་ཉལ་ཁང་། ཟ་ཁང་སོགས་ཀྱི་ནང་དུ་མཁའ་རླུང་རྒྱུ་རུ་འཇུག་པ་དང་། དུས་བཅད་ལྟར་གཙང་སྦྲ་བྱས་ཏེ་ཁོར་ཡུག་གཙང་མ་ཡིན་པ་རྒྱུན་འཁྱོངས་བྱ་དགོས།

        བཞི། བདེ་ཐང་སློབ་གསོ་སྤེལ་བ་སྟེ། སློབ་གྲྭ་དང་བྱིས་བཅོས་སྡེ་ཁག་གིས་དྲ་རྒྱ་དང་དྲིལ་སྒྲོག་རི་མོ། ལྟེབས་ཤོག གསལ་བསྒྲགས་འཕྲིན་ཡིག་སོགས་སྤྱད་ནས་རིམས་འགོག་འཕྲོད་བསྟེན་གྱི་ཤེས་བྱ་དྲིལ་སྒྲོག་བྱས་ཏེ་དགེ་སློབ་ཡོངས་ཀྱི་བདེ་ཐང་སྲུང་བའི་ཤེས་བྱའི་ཆུ་ཚད་ཇེ་མཐོར་གཏོང་བ་སོགས་བྱ་དགོས།

        ལྔ། དུས་ཐོག་ཏུ་ནད་ཕོག་པའི་སློབ་མའི་ཁྱིམ་བདག་ལ་འབྲེལ་བ་བྱས་ཏེ་ཁྱིམ་བདག་གིས་ཁྱིམ་སྡོད་སྐབས་ཀྱི་བདེ་ཐང་ལྟ་ཞིབ་དང་ཁྱིམ་ཚང་ནང་གི་དུག་སེལ་བྱ་བ། འབྲེལ་ཡོད་མ་དཔེ་བསྡུ་ལེན་སོགས་ཀྱི་འགོག་སྡོམ་བྱ་བར་མཛུབ་སྟོན་བྱ་དགོས།

        དྲུག འདུ་འཛོམས་རང་བཞིན་གྱི་རིམས་ནད་བྱུང་བའི་སློབ་གྲྭ་དང་བྱིས་བཅོལ་སྡེ་ཁག་གིས་ཚོགས་པའི་བྱ་འགུལ་མི་སྤེལ་ཞིང་། ནད་བྱུང་བའི་སློབ་མ་དང་ལས་སྒྲུབ་མི་སྣའི་བར་དུ་ཐུག་རེག་མེད་པ་དང་། འཕྲོད་བསྟེན་སྡེ་ཁག་གི་འགོག་སྡོམ་བྱེད་ཐབས་ཁག་ལ་རམ་འདེགས། དུས་ཐོག་ཏུ་ཆ་འཕྲིན་ཡར་ཞུ། གཏན་འབེབས་ལྟར་དུག་སེལ་ནན་མོ་སོགས་བྱ་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1