༄༅། །ནར་མ་སོན་པའི་མི་ལ་གནོད་འཚེ་བཏང་ན་ཆད་པ་ལྗིད་མོ་གཅོད་རྒྱུ་རེད།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 03-09


        ཟླ3པའི་ཚེས1ཉིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་གསར་འགྱུར་ཡོངས་སྒྲོག་ཚོགས་འདུ་བསྡུས་ནས། ཉེ་བའི་ལོ་ལྔའི་རིང་ནར་མ་སོན་པའི་མི་ལ་ཞིབ་བཤེར་བྱས་པའི་བྱ་བའི་གནས་ཚུལ་དང་ཕྱོགས་སོ་སོར་མཐུན་སྦྱོར་གཞོགས་འདེགས་བྱས་ནས་ནར་མ་སོན་པའི་མི་ལ་སྲུང་སྐྱོང་བྱས་པའི་བྱ་བའི་གྲུབ་འབྲས་བརྡ་ཁྱབ་བཏང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པའམ་རྒྱུན་ལས་ཞིབ་དཔྱོད་དཔོན་གཞོན་པ་ཐུང་ཅན་མིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་བདེ་ལས་ཁུངས་དང་མི་དམངས་ཁྲིམས་ཁང་དང་མཉམ་དུ་ནར་མ་སོན་པའི་མི་ལ་རྨས་སྐྱོན་བཏང་བ་དང་། བཙན་གཡེམ་བྱས་པ། བསླུ་འཚོང་བརྒྱབ་པ། མནར་གཅོད་བཏང་བ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་ལྟར་ཉེས་ཆད་ལྗིད་མོ་གཅོད་རྒྱུ་ཡིན་པ་དང་། ཁྲིམས་ལུགས་དང་མི་ཆོས་ཀྱི་མ་མཐའི་ཚད་ཐིག་ལས་བརྒལ་བའི་བྱ་སྤྱོད་ལ་བློ་བརྟན་འགྱུར་མེད་དང་ཐེ་ཚོམ་སྤུ་ཙམ་མེད་པར་མཐའ་གཅིག་ཏུ་ཆད་པ་ནན་མོ་གཅོད་རྒྱུ་རེད། ལོ་ངོ་ལྔའི་རིང་དུ། ཞིབ་དཔྱོད་ལས་ཁུངས་ཀྱིས་ཞུ་གཏུག་བྱས་པའི་དར་མས་བྱིས་པར་གནོད་འཚེ་བཏང་བའི་ཉེས་བསགས་རིགས་ལ་འདྲི་གཅོད་དང་པོའི་ནང་དུས་བཀག་བཙོན་འཇུག་ལོ3ཡན་གྱི་ཉེས་ཆད་ཕོག་པའི་མི་གྲངས་ཁྲི6.7ཡོད་པ་དེ་མི་གྲངས་བསྡོམས་འབོར་གྱི41%ཟིན་ཏེ་ཉེས་དོན་བསྡོམས་འབོར་གྱི་བརྒྱ་ཆའི23.9ལས་མཐོ་བ་ཡོད་པ་རེད།


        ཉེ་བའི་ལོ་ཤས་རིང་། ནར་མ་སོན་པའི་མི་ལ་གནོད་འཚེ་བཏང་བའི་གྲངས་ཚད་སྤྱིའི་ཆ་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། བཙན་གཡེམ་བཙན་གནོད་བཏང་བའི་གྱོད་དོན་རྒྱུན་མཐུད་ངང་ཇེ་མང་དུ་འགྱུར་བཞིན་འདུག ལོ་ངོ་ལྔའི་རིང་དུ། ཞིབ་དཔྱོད་ལས་ཁུངས་ཀྱིས་ནར་མ་སོན་པའི་མི་ལ་གནོད་འཚེ་བཏང་བའི་མི་ཁྲི29ཁྲིམས་སྦྱོར་བྱས་ཤིང་ལོ་རེར་ཆ་སྙོམས་ངང3.6%ཇེ་མང་དུ་འགྲོ་བཞིན་འདུག དེའི་ཁྲོད་དུ་བཙན་གཡེམ་དང་བྱིས་པར་ཆགས་རྩེད་བྱེད་པ་སོགས་བྱིས་པར་བཙན་གཡེམ་བྱས་པའི་མི་ཁྲི13.1ཁྲིམས་སྦྱོར་བྱས། ཉེས་བསགས་འདིའི་རིགས་ནར་མ་སོན་པའི་མི་ལ་གནོད་འཚེ་བཏང་བའི་གནད་དོན་འབུར་ཐོན་ཅན་དུ་གྱུར་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1