༄༅།། ལོ་སྟོང་གི་སྔོན་གྱི་དངོས་པོ་དེ་ཚོ་འདི་འདྲའི་འདྲ་བ་ཞིག་ཡིན་པ་ཅི།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། སྤེལ་དུས། 05-10



        གྱོ་རྩི་ལྗང་གུའི་པདྨའི་རྫ་གཡམ་དང་། གྱོ་རྩི་སྔོན་པོའི་སོ་ཕག་གྲུ་བཞི་མ། ཁྱིའུ་དབྱིབས་སོ་ཕག་སོགས་ཏེ། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གི་ཚལ་སྣེ་སྡེ་བ་རུ་ཡོད་པའི་འོན་ཅང་དོའི་གནའ་ཤུལ་དུ། བོད་བཙན་པོའི་ལོ་རྒྱུས་རིག་གནས་ཀྱི་མཚོན་བྱེད་མང་པོ་ལོ་ཟླ་གྲངས་མེད་ཅིག་ལ་གྲགས་མེད་དུ་གནས་རྗེས་ཡང་བསྐྱར་གསལ་བར་མངོན་ཡོད།

        ཉེ་སྔོན། བོད་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་སུའོ་ཡིས་རྩ་འཛུགས་བྱས་ནས་འཚོགས་པའི2022ལོའི་བོད་ལྗོངས་རིག་དངོས་གནའ་རྫས་རྟོག་ཞིབ་གྲུབ་འབྲས་མཉམ་སྤྱོད་སྙན་ཞུའི་ཚོགས་འདུ་ཡི་ཐོག་ཏུ། འོན་ཅང་དོའི་གནའ་ཤུལ་གྱི་གནའ་རྫས་རྟོག་ཞིབ་ཀྱི་གྲུབ་འབྲས་གསར་ཤོས་གསལ་སྟོན་བྱས་པ་རེད།

འོན་ཅང་དོའི་གནའ་ཤུལ་ནས་ཐོན་ཞིང་། དེའི་ལྷོ་ནུབ་ཀྱི་མཚམས་སུ་གནས་པའི་མཆོད་རྟེན་གྱི་ཁྱིའུ་དབྱིབས་སོ་ཕག་ནི་སོ་ཕག་གྲུ་བཞི་མ་ལ་གཏུབ་གཞོག་ལས་སྣོན་བྱས་ཏེ་གྲུབ་པ་ཞིག་ཡིན་ལ། སྣེ་གཅིག་མཐུག་པ་དང་སྣེ་གཅིག་སྲབ་མོར་གནས་ཤིང་། ཕྱི་གཟུགས་ནི་ཁྱིའུ་དབྱིབས་ལྟར་ཡོད། འདི་ནི་ཐང་རྒྱལ་རབས་ཀྱི་དུས་མགོ་ནས་དར་རྒྱས་ཆེ་བའི་དུས་སྐབས་བར་གྱི་ཚད་རིམ་མཐོ་བའི་བཟོ་བཀོད་ཐོག་ཏུ་སྤྱོད་པའི་འཛུགས་སྐྲུན་བཟོ་རྩལ་ཞིག་ཡིན།

        རྫ་གཡམ་ནི་རང་རྒྱལ་གྱི་གནའ་བོའི་བཟོ་བཀོད་ཐོག་ཏུ་རྒྱུན་པར་སྤྱོད་པའི་ལྷུ་ལག་ཅིག་ཡིན། འོན་ཅང་དོའི་གནའ་ཤུལ་གྱི་རྡོ་རིང་གི་རུས་སྦལ་གྱི་རྩིག་རྨང་རྗེས་ཤུལ་ནས་ཐོན་པའི་གྱོ་རྩི་ལྗང་གུའི་པདྨའི་རྫ་གཡམ་ནི་ཆ་ཚང་བའི་ངང་ཉར་འཇོག་བྱས་ཡོད་ཅིང་། བཟོ་དབྱིབས་དང་སྤུས་ཀ་ལེགས་པོའི་གྱོ་རྩི་ནི་ཐང་རྒྱལ་རབས་ཀྱི་ཐའི་ཙུང་ལི་ཧྲི་མིང་གི་དུར་ས་ནས་ཐོན་པའི་མེ་ཏོག་པདྨའི་དཔེ་རིས་ཀྱི་རྫ་གཡམ་དང་འདྲ་བས། དེ་ཡིས་ཐང་རྒྱལ་རབས་དང་བོད་བཙན་པོའི་བར་ལ་འབྲེལ་འདྲིས་དམ་ཟབ་ལྡན་ཚུལ་མངོན་ཡོད།

        འདི་ནི་འོན་ཅང་དོའི་གནའ་ཤུལ་ནས་ཐོན་པའི་སོ་ཕག་དང་རྫ་གཡམ་ཡིན་པ་དང་། དེ་ཚོའི་རིགས་སྣ་དང་བཟོ་དབྱིབས་ལས་རྒྱ་ཡུལ་གྱི་དཔེ་མཚོན་ཁྱད་ཆོས་འབུར་དུ་ཐོན་ཡོད་ཅིང་། སོ་ཕག་དང་རྫ་གཡམ་མང་པོ་ལ་མདོག་སྔོན་པོ་དང་ལྗང་གུ། དཀར་པོ་སོགས་ཚོས་སྣ་མང་བའི་གྱོ་རྫི་བྱུགས་ཡོད་པ་ནི་ཐང་རྒྱལ་རབས་ཀྱི་ཁྲང་ཨན་མཁར་གྱི་ཏ་མིང་ཕོ་བྲང་གི་གནའ་ཤུལ་ནས་ཐོན་པའི་གཡུ་རྩི་རྫ་གཡམ་དང་འདྲ་བའི་ཆ་ཆེན་པོ་ཡོད།

        མཆོད་རྟེན་གྱི་རྩིག་རྨང་དང་གྱང་རྟིང་། ཁང་ཤུལ། ས་ཁུང་སོགས་ཏེ། འོན་ཅང་དོའི་གནའ་ཤུལ་དུ་གནའ་རྫས་སྔོག་འདོན་བྱེད་པ་ནི་བོད་བཙན་པོའི་བཞུགས་སྒར་དང་ནང་བསྟན་དགོན་པའི་གནའ་ཤུལ་ལ་དམིགས་ཏེ་ཚན་རིག་གི་སྒོ་ནས་གནའ་རྫས་རྟོག་ཞིབ་ཀྱི་བྱ་བ་སྒྲུབ་པ་ཐེངས་དང་པོ་ཡིན་ལ། དེ་ཡིས་བོད་བཙན་པོའི་ཚད་རིམ་མཐོ་བའི་བཟོ་བཀོད་ཀྱི་བཟོ་དབྱིབས་དང་གྲུབ་ཚུལ་གསལ་སྟོན་བྱས་ཡོད།

        ཧྲའན་ཞི་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཞིབ་འཇུག་གླིང་གི་ཞིབ་འཇུག་པ་གཞོན་པ་ཞི་ལིན་གྱིས་འོན་ཅང་དོའི་གནའ་ཤུལ་དུ་གནའ་རྫས་རྟོག་ཞིབ་བྱས་པ་ལས་གསར་རྙེད་བྱུང་བ་ནི་ཐང་རྒྱལ་རབས་དང་བོད་བཙན་པོའི་བར་དུ་མཛའ་མཐུན་འགྲོ་འོང་བྱས་པའི་ཆེས་ལེགས་པའི་ལོ་རྒྱུས་དཔང་དངོས་ཡིན་ལ། དེ་ཡིས་རྒྱ་བོད་ཀྱི་སྤེལ་རེས་ལོ་རྒྱུས་དང་བོད་ལྗོངས་ཀྱི་བཟོ་བཀོད་ལོ་རྒྱུས། བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་བཅས་ལ་ཞིབ་འཇུག་བྱེད་པར་དངོས་པོའི་རྒྱུ་ཆ་གལ་ཆེན་འདོད་སྤྲོད་བྱས་ཡོད་ཅེས་བསྟན་པ་རེད།

        སོ་ཕག་དང་རྫ་གཡམ་གྱི་ཐིག་ཚད་བར་དུ། ང་ཚོས་བོད་ཀྱི་རིག་གནས་ཀྱི་ངོ་མཚར་ལ་མྱོང་བ་དང་། ཤེས་རིག་གི་གཟི་དཔལ་ལ་དཔང་པོ། ལོ་རྒྱུས་རིག་གནས་ཀྱི་ཟབ་ཡངས་ཆེ་བ་ལ་ཚོར་ཤེས་བཅས་བྱེད་ཐུབ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1