ཞི་ཅིན་ཕིང་གིས་ཨེ་རི་ཐྲེ་ཡའི་ཙུང་ཐུང་དབྱི་སཱ་ཡཱ་སི་དང་གྲོས་མོལ་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 05-18


ཟླ་5ཚེས་15ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཨེ་རི་ཐྲེ་ཡའི་ཙུང་ཐུང་དབྱི་སཱ་ཡཱ་སི་དང་གྲོས་མོལ་གནང་བ་རེད།

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་15ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཨེ་རི་ཐྲེ་ཡའི་ཙུང་ཐུང་དབྱི་སཱ་ཡཱ་སི་དང་གྲོས་མོལ་གནང་བ་རེད།

        ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨེ་རི་ཐྲེ་ཡའི་དབར་སྲོལ་རྒྱུན་གྱི་མཛའ་གྲོགས་ཟབ་མོ་ལྡན་ཡོད། འདི་ལོའི་ཟླ་5ཚེས་24ཉིན་རྒྱལ་ཁབ་གཉིས་པོས་ཕྱི་འབྲེལ་བཙུགས་ནས་ལོ་30འཁོར་བའི་དྲན་གསོའི་ཉིན་མོ་བསུ་རྒྱུ་རེད། ལོ་30ཡི་རིང་། ཀྲུང་ཨེ་ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་ཡིད་ཆེས་དང་ཕན་ཚུན་རྒྱབ་སྐྱོར་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་མིག་རྒྱང་ཐོག་ནས་ཀྲུང་ཨེའི་འབྲེལ་བར་ལྟ་སྟངས་འཛིན་པ་དང་ཀྲུང་ཨེའི་འབྲེལ་བ་འཕེལ་རྒྱས་བཏང་བས་ཨེ་རི་ཐྲེ་ཡ་ཕྱོགས་ཀྱིས་བློས་འགེལ་ཆོག་པའི་གྲོགས་པོ་ཞིག་ཡིན། མིག་སྔར་བརྟན་ལྷིང་མེད་ལ་གཏན་འཁེལ་ཡང་མེད་པའི་རྒྱལ་སྤྱིའི་དུས་བབ་ལ་ཕྱོགས་ནས་ཀྲུང་ཨེའི་འབྲེལ་བ་འཕེལ་རྒྱས་ཡག་པོ་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་པོའི་ཐུན་མོང་དང་ཕུགས་ཀྱི་ཁེ་ཕན་དང་མཐུན་པ་མ་ཟད། ས་ཁུལ་གྱི་ཞི་བདེ་དང་རྒྱལ་སྤྱིའི་གཞུང་དྲང་དྲང་གཞག་སྲུང་སྐྱོང་བྱེད་པར་ཡང་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨེ་རི་ཐྲེ་ཡ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོ་གྲོགས་པོ་ཡིན་ལ་བློ་མཐུན་ཡང་ཡིན་པའི་མཛའ་གྲོགས་འབྲེལ་བ་ཟབ་ཏུ་བཏང་ནས་ཀྲུང་ཨེའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ཕྱོགས་ཀྱིས་ཨེ་རི་ཐྲེ་ཡ་ཕྱོགས་ཀྱིས་རང་བཙན་རང་བདག་གི་ཕྱི་འབྲེལ་སྲིད་ཇུས་ཡུན་རིང་མཐའ་འཁྱོངས་བྱེད་པར་བསྔགས་བརྗོད་བྱ་རྒྱུ་ཡིན་ལ། ཨེ་རི་ཐྲེ་ཡས་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་དང་ཨེ་རི་ཐྲེ་ཡ་ཕྱོགས་ཀྱིས་རང་ངོས་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ལ། ཕྱི་ཕྱོགས་ཀྱིས་ཨེ་རི་ཐྲེ་ཡའི་ནང་སྲིད་ལ་ཐེ་ཇུས་དང་ཕྱོགས་རྐྱང་པའི་བཀག་སྡོམ་བྱེད་པར་ཡང་ངོ་རྒོལ་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨེ་རི་ཐྲེ་ཡ་ཕྱོགས་དང་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་དང་། མུ་མཐུད་ཕན་ཚུན་རྒྱབ་སྐྱོར། ཕྱོགས་རྐྱང་རིང་ལུགས་དང་བཙན་དབང་བྱེད་སྤྱོད་ལ་ཐུན་མོང་ཐོག་ངོ་རྒོལ་བཅས་བྱས་ནས་རྒྱལ་ཁབ་གཉིས་པོ་དང་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨེ་རི་ཐྲེ་ཡ་ཕྱོགས་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས། “ཨ་ཧྥེ་རི་ཁའི་དབར་གྱི་ཞི་བདེ་འཕེལ་རྒྱས་ཀྱི་བསམ་བཀོད”སོགས་ཀྱི་སྒྲོམ་གཞི་དང་ལས་སྟེགས་སྤྱད་དེ། གཉིས་ཕན་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བ་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་མ་འཇོག་ཁེ་ལས་ཨེ་རི་ཐྲེ་ཡར་མ་འཇོག་ལས་དར་བྱེད་པར་སྐུལ་ལྕག་དང་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཨེ་རི་ཐྲེ་ཡ་ཕྱོགས་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། གློག་འཕྲིན། ཞིང་ལས། གཏེར་ལས། ཉ་ལས་སོགས་ཁྱབ་ཁོངས་མཉམ་ལས་ཤུགས་སྣོན་ཐད་དཔྱད་བསྡུར་བྱ་རྒྱུ་དང་ཨེ་རི་ཐྲེ་ཡར་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་ཁག་དང་མཐོ་རིམ་ཞིང་ལས་རིགས་གཅིག་མཁས་ཅན་སོགས་ཀྱི་རྣམ་གྲངས་མུ་མཐུད་ལག་བསྟར་ཡག་པོ་བྱེད་འདོད་ཡོད། ཉེ་ཆར། ཀྲུང་གོ་ཕྱོགས་ཀྱིས་སུའུ་ཏན་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཕྱིར་འཐེན་བྱེད་སྐབས་ཨེ་རི་ཐྲེ་ཡ་ཕྱོགས་ཀྱིས་རྒྱབ་སྐྱོར་དང་གཞོགས་འདེགས་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ཐོག་ནས་ཀྲུང་ཨེའི་རྒྱལ་ཁབ་གཉིས་དབར་སྐྱིད་སྡུག་མཉམ་མྱོང་དང་ཕན་ཚུན་རོགས་རམ་བྱེད་པའི་མཛའ་གྲོགས་བརྩེ་སེམས་ཟབ་མོ་སླར་ཡང་མངོན་ཡོད། ཕྱོགས་གཉིས་པོས་བྱེད་ཐབས་དེ་བས་མང་བ་སྤྱད་དེ་མི་ཆོས་རིག་གནས་སྤེལ་རེས་དང་མི་དམངས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་དགོས།

        ཞི་ཅིན་ཕིང་གིས་བསྟན་དོན། དུས་བབ་འཕེལ་རྒྱས་ཇི་ལྟར་བྱུང་རུང་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་བསམ་ཤེས། ཕན་ཚུན་རྒྱབ་སྐྱོར། ཕན་ཚུན་རོགས་རམ་བཅས་བྱ་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྥེའི་མཛའ་གྲོགས་ཀྱི་རྨང་གཞི་དང་གཙོ་རྐང་ཡིན། ལྷོ་ལྷོ་མཉམ་ལས་དང་རྒྱལ་སྤྱིས་ཨ་ཧྥེ་རི་ཁ་དང་མཉམ་ལས་བྱེད་པའི་ཁྲོད་ཀྲུང་ཧྥེའི་མཉམ་ལས་ཀྱི་སྣེ་ཁྲིད་ནུས་པ་གལ་ཆེན་འདོན་སྤེལ་ཐུབ་ཡོད། ཨ་ཧྥེ་རི་ཁ་ནི་རེ་བས་ཁེངས་པའི་ས་གཞི་ཞིག་རེད། དུས་བབ་གསར་པར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་གྱི་མཐུན་སྒྲིལ་མཉམ་ལས་ལ་དེ་བས་ཤུགས་སྣོན་བརྒྱབ་སྟེ་ཐུན་མོང་ཐོག་དུས་ངལ་མཉམ་སེལ་བྱ་རྒྱུ་དེ་སྔའི་དུས་གང་རུང་ཞིག་ལས་ཀྱང་དགོས་གལ་ཆེ་བ་ཞིག་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་ཕྱོགས་དང་མཉམ་དུ་སྲོལ་རྒྱུན་གྱི་མཛའ་གྲོགས་དར་སྤེལ་གཏོང་བ་དང་། འཐབ་ཇུས་ཀྱི་ཕན་ཚུན་ཡིད་ཆེས་བརྟན་དུ་གཏོང་བ། ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཨ་ཧྥེ་རི་ཁ་ཕྱོགས་ལ་གོ་སྐབས་གསར་པ་མཁོ་འདོན་བྱེད་པ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་བ། གྲུབ་འབྲས་གསར་པ་དེ་བས་མང་བ་ཐོབ་པ་བཅས་བྱས་ནས་དེ་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་འདོད་ཡོད།

        དབྱི་སཱ་ཡཱ་སིས་ཁོང་དང་དུས་རབས་ཕྱེད་ལྷག་ཙམ་རིང་གི་ཀྲུང་གོའི་དབར་གྱི་དམིགས་བསལ་མཛའ་གྲོགས་དྲན་གསོ་གནང་ཞིང་། ཁོང་གིས་ཀྲུང་གོ་མི་དམངས་ཀྱིས་ཨེ་རི་ཐྲེ་ཡར་རང་བཙན་དང་བཅིངས་འགྲོལ་ཐོབ་ཆེད་རྩ་ཆེའི་སྙིང་སྟོབས་དང་དངོས་པོའི་རྒྱབ་སྐྱོར་གནང་བ་ཨེ་རི་ཐྲེ་ཡའི་མི་དམངས་ཀྱིས་ནམ་ཡང་བརྗེད་མི་སྲིད།

        ཀྲུང་གོ་ནི་རླབས་ཆེན་གྱི་རྒྱལ་ཁབ་ཅིག་རེད། ཀྲུང་གོ་གསར་པ་དབུ་བརྙེས་ཚུན། དབུལ་ཞིང་ཕོངས་པ་ནས་འཛམ་གླིང་གི་རྒྱལ་ཁབ་ཆེན་པོར་གྱུར་ཏེ་མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ལ་ཕུལ་དུ་བྱུང་བའི་ལེགས་སྐྱེས་ཕུལ་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་བདེན་འཛིན་གྱི་མཐོ་ས་བཟུང་ནས་འཛམ་གླིང་ལ་འཕྲད་པའི་འགྲན་སློང་ཐག་གཅོད་བྱ་ཆེད་ཀྲུང་གོའི་ཇུས་གཞི་བཏོན་པ་མ་ཟད། རྒྱལ་སྤྱིའི་ཐོག་གཞུང་དྲང་དྲང་གཞག་བསྐྱངས་ཏེ་རང་བཙན་དང་འཕེལ་རྒྱས་དོན་གཉེར་བྱེད་མཁན་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ལྕག་སྐུལ་བྱེད་ཀྱི་ཡོད། ཀྲུང་གོའི་འཕེལ་རྒྱས་ཕམ་ཉེས་སུ་གཏོང་འདོད་ཀྱི་རེ་ངན་ཚང་མ་ཕམ་ཉེས་སུ་འགྲོ་ངེས་རེད། མིག་སྔའི་རྒྱལ་སྤྱིའི་སྒྲིག་ལམ་གྱི་འགྱུར་ལྡོག་འགག་རྩའི་དུས་སྐབས་སུ་སླེབས་ཡོད་པ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་སྔར་བཞིན་བཙན་དབང་རིང་ལུགས་དང་གཞུང་དྲང་དྲང་གཞག་མིན་པའི་སྣང་ཚུལ་སྣ་ཚོགས་འཕྲད་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོས་མིའི་རིགས་ཀྱི་འཕེལ་རྒྱས་ཡར་ཐོན་དང་རྒྱལ་སྤྱིའི་གཞུང་དྲང་དྲང་གཞག་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་སྒུག་བྱེད་པ་མ་ཟད། ཡིད་ཆེས་ཀྱང་བྱེད་བཞིན་ཡོད། ཨེ་རི་ཐྲེ་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་མ་ཟད། ཨེ་ཀྲུང་འཐབ་ཇུས་རོགས་ཟླའི་འབྲེལ་བས་ཨེ་རི་ཐྲེ་ཡའི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་རམ་འདེགས་ཐུབ་རྒྱུའི་ཡིད་ཆེས་ཀྱང་ཡོད་ཅེས་གསུངས་པ་རེད།

        གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོའི་ཐང་ཆེན་དུ་དབྱི་སཱ་ཡཱ་སིར་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ་རེད།

        དབྱི་སཱ་ཡཱ་སི་འབྱོར་སྐབས། གུས་དམག་གིས་རུ་བསྒྲིགས་ནས་གུས་འདུད་ཞུས་ཤིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གཟིགས་སྟེགས་ཐོག་ཕེབས་པ་དང་དམག་མིའི་རོལ་ཆ་ཚོགས་པས་ཀྲུང་ཨེའི་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་བ་དང་གནམ་བདེ་སྒོ་མོའི་ཐང་ཆེན་དུ་རྟེན་འབྲེལ་མེ་སྒྱོགས་ཐེངས་21བརྒྱབ་པ་རེད། ཞི་ཅིན་ཕིང་གི་ཕེབས་རོགས་འོག་དབྱི་སཱ་ཡཱ་སིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་དང་འབྲེལ་དམག་དཔུང་ཁག་གི་རུ་སྟར་ལ་གཟིགས་པ་རེད།

        ཉིན་དེའི་དགོང་མོ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་དབྱི་སཱ་ཡཱ་སིར་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་གནང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1