༄༅། །ཅིན་ཙེ་ཧྭ།

ལྷ་འཛོམས་ཀྱིས་བྲིས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 06-09


མི་ཚེ་རི་མོ་དང་མཉམ་དུ་འགྲོགས།། བརྩམས་ཆོས་གངས་ལྗོངས་ཀྱི་སྐྱེས་སུ་བཞག།

རི་མོ་བ་གྲགས་ཅན་ཅིན་ཙེ་ཧྭ་ཡི་གནས་ཚུལ་རགས་བཀོད།

ཅིན་ཙེ་ཧྭ་ཡིས་རི་མོ་འབྲི་བཞིན་པ།

        ཅིན་ཙེ་ཧྭ་ནི་དར་མདོའི་མི་རིགས་དགེ་འོས་ཆེད་སྦྱོང་སློབ་གྲྭའི་མཛེས་རྩལ་ཚན་ཁག་ནས་མཐར་ཕྱིན་པ་དང་། ཀྲུང་དབྱང་མཛེས་རྩལ་སློབ་གླིང་དངོས་གཞི་ཚན་ཁག་གི་སྦྱངས་རབས་ཡོད། 2009ལོར་ཀྲུང་དབྱང་མཛེས་རྩལ་སློབ་གླིང་གི་རྒྱལ་ནང་འཚམས་འདྲིའི་མཁས་དབང་ཡིན། ད་ལྟ་སི་ཁྲོན་ཞིང་ཆེན་རིག་རྩལ་ལྷན་ཚོགས་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཀྱི་ཨུ་ཡོན་དང་། སི་ཁྲོན་ཞིང་ཆེན་མཛེས་རྩལ་མཁས་ཅན་མཐུན་ཚོགས་ཀྱི་ལས་འཛིན། དཀར་མཛེས་ཁུལ་མཛེས་རྩལ་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི། དཀར་མཛེས་ཁུལ་རིག་གནས་ཁང་གི་ཞིབ་འཇུག་པ་བཅས་ཀྱི་འགན་བཞེས་བཞིན་ཡོད། 2022ལོར་དཀར་མཛེས་ཁུལ་གྱི་གངས་དཀར་ཤེས་ལྡན་པའི་རིག་གནས་སྣེ་ཁྲིད་འཇོན་ཐང་ཅན་གྱི་མཚན་སྙན་དང་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི“གསེར་གྱི་དོམ་ཁྲའི”སྔོན་ཐོན་མི་སྒེར་གྱི་གཟེངས་བསྟོད་ཐོབ་ཅིང་། གཞོན་ནུ་ལོ་ཆུང་གི་རི་མོའི་ཁྲིད་སྦྱོང་སློབ་དཔོན་ཡིན།

ལས་འབྲེལ་གྱི་མདུད་པ་རི་མོ་ལ་ཐེབས་ཏེ་མི་ཚེའི་གོམ་ཁ་རི་མོ་ལ་ཕྱོགས།

        ཅིན་ཙེ་ཧྭ་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རོང་བྲག་རྫོང་ཕྱོགས་ཟུར་ཡུལ་ཤོག་མཛེས་ལུང་གྲོང་སྡེའི་ཞིང་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས་པ་དང་། མོ་སློབ་ཆུང་འགྲིམ་སྐབས་རིག་གནས་གསར་བརྗེ་ཆེན་པོའི་སྐབས་ཡིན་ཞིང་། ཐག་རིང་ལུང་ཁུག་གི་གྲོང་གསེབ་སློབ་ཆུང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་མེད་ལ། མོའི་སྐད་ཡིག་དང་རྩིས་རིག་དགེ་རྒན་གྱི་སློབ་ཁྲིད་ཆུ་ཚད་མཐོ་བའི་ཁར་རང་གི་དཀའ་སྤྱད་འབད་བརྩོན་བརྒྱུད་སྦྱངས་འབྲས་བཟང་པོའི་སྒོ་ནས་ཡུལ་ཤོག་གི་གནས་སྐབས་དམའ་རིམ་སློབ་འབྲིང་དུ་རྒྱུགས་འཕྲོད་ཡོད།

        ཅིན་ཙེ་ཧྭ་ལ་རྨང་གཞི་བརྟན་པོ་ཡོད་པས་སློབ་དུས་དང་པོའི་ཡིག་རྒྱུགས་ནང་ཨང་གཉིས་པ་ཐོབ་ཅིང་དགེ་རྒན་གྱིས་མཐོང་ཆེན་གནང་། 1979ལོའི་སྤྱི་ཟླ9པར་མོ་དཀར་མཛེས་མི་རིགས་དགེ་འོས་འབྲིང་རིམ་སློབ་གྲྭའི་འཛིན་གྲྭ་དཀྱུས་མར་རྒྱུགས་འཕྲོད། མོས་ང་རང་སློབ་ཆུང་འགྲིམ་སྐབས་རི་མོ་འབྲི་དེབ་ཀྱང་མཐོང་མ་མྱོང་ལ་སློབ་གྲྭར་ཆེད་ལས་མཛེས་རྩལ་དགེ་རྒན་ཡང་མེད། དགེ་འོས་སློབ་འབྲིང་འགྲིམ་སྐབས་སློབ་གྲོགས་ཁ་ཤས་ཀྱིས་དགེ་རྒན་གྱི་མཛུབ་སྟོན་འོག་རི་མོ་དཔེ་ཡག་པོ་བྲིས་འདུག དེའི་ངས་ཅི་ཡང་མི་ཤེས་མོད། འོན་ཀྱང་རུས་པའི་གཏིང་གི་ངར་ཤུགས་ཉམས་མ་སོང་ཞེས་བཤད། ཡུན་མི་རིང་བར་མོས་བྲིས་པའི་ཞི་ལའི་མིག་ལ་དགེ་རྒན་གྱི་མིའི་བརྩེ་བ་འདུག་ཅེས་པའི་བསྟོད་བསྔགས་ཐོབ། སྐབས་དེ་དུས་རི་མོ་འབྲི་རྒྱུ་ནི་རང་གི་ཚེ་གང་གི་ལས་རིགས་ཤིག་ཏུ་འགྱུར་འགྲོ་བ་མོའི་དྲན་པའི་ངོགས་སུ་ཡང་འཆར་མྱོང་མེད།

        ཅིན་ཙེ་ཧྭ་དགེ་འོས་སློབ་གྲྭ་ནས་ཐོན་རྗེས་མ་ཡུམ་སློབ་གྲྭ་སྟེ་ཕྱོགས་ཟུར་ཡུལ་ཤོག་མཛེས་ལུང་སློབ་ཆུང་དུ་དགེ་རྒན་དུ་ལས་བགོས་བྱས། སློབ་མ་ཞིག་ནས་དགེ་རྒན་དུ་གྱུར་ནས་ཐོབ་ཐང་ལ་འགྱུར་ལྡོག་བྱུང་ཡོད་མོད། འོན་ཀྱང་ཅིན་ཙེ་ཧྭ་ཡི་ཕ་ཡུལ་གྱི་སློབ་མ་དེ་བས་མང་བ་ཞིག་རི་ཁུག་ནས་ཕྱིར་བསྐྱོད་ཐུབ་པའི་ཐོག་མའི་བསམ་འདུན་ལ་འགྱུར་བ་བྱུང་མེད། ཁོང་གིས་སེམས་ཤུགས་ཡོད་ཚད་སློབ་ཁྲིད་དང་ཟུར་ཁྲིད་ལ་བཏོན་པས་མོའི་སློབ་མ་ཡོངས་ཀྱི་སྦྱངས་འབྲས་རྫོང་ཡོངས་ཀྱི་གཅིག་གྱུར་རྒྱུགས་ལེན་ཁྲོད་ཨང་གཉིས་པ་ཐོབ་ཡོད། སློབ་ཁྲིད་ཀྱི་ཞོར་དུ་མོས་རང་སྦྱོང་ཡང་ཆད་དུ་བཅུག་མེད།1987ལོར་དར་མའི་མཐོ་རྒྱུགས་སླར་གསོ་བྱུང་རྗེས། མོས་ལྗར་པན་སྐད་ཡིག་དང་མཛེས་རྩལ་ཤེས་བྱ་མཉམ་འབད་ཀྱིས་ཁྲུང་ཆིང་སློབ་ཆེན་ཞིག་གི་སློབ་བསྡུ་བརྡ་ཐོ་འབྱོར་ཡང་སློབ་ཡོན་མཐོ་དྲགས་པས་མི་བསྐྱུར་ཀ་མེད་བྱུང་། 1988ལོར་མོ་སླར་ཡང་དར་མའི་མཐོ་རྒྱུགས་ནང་ཞུགས་ནས་དར་མདོའི་མི་རིགས་དགེ་འོས་ཆེད་སྦྱོང་སློབ་ཆེན་མཛེས་རྩལ་ཚན་ཁག་ཏུ་རྒྱུགས་འཕྲོད། སློབ་ཆེན་འགྲིམ་པའི་ལོ་གཉིས་རིང་ཅིན་ཙེ་ཧྭ་ཡིས་ཞོགས་སྔ་ལངས་དང་ནུབ་ཕྱི་ཉལ་གྱིས་སྣུམ་ཚོན་རི་མོ་དང་རང་རྒྱལ་གྱི་སྲོལ་རྒྱུན་རི་མོ། ཐང་ག་བཅས་ཀྱི་རྨང་གཞིའི་ཤེས་བྱ་རྒྱུད་རིམ་ལྡན་པའི་ངང་སྦྱངས་པ་དང1990ལོའི་སློབ་ཆེན་སློབ་མ་ཕུལ་བྱུང་དུ་བདམས་པ་རེད།

        སྐབས་དེ་དུས་སློབ་ཆེན་སློབ་མ་ཕུལ་བྱུང་ཏང་སྲིད་སྡེ་ཚན་དུ་ལས་ཀ་བྱེད་པར་གཏོང་བའི་སྲིད་ཇུས་ཡོད་ཅིང་། མོ་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ལ་ལས་བགོས་བྱུང་བས་ཆེད་ལས་གཉེར་བ་འབྲེལ་བ་ཆེར་མེད་པས་མོས་ཞུ་བ་ནན་དུ་ཕུལ་ནས་དཀར་མཛེས་ཁུལ་རིག་གནས་ཅུས་ལ་ལས་གནས་སྤོས་ཐུབ་པ་དང་། ལོ་གཉིས་ཀྱི་རྗེས་སུ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་དུ་ལས་བགོས་བྱས་ཐུབ་སོང་བས། དེ་ནས་ཅིན་ཙེ་ཧྭ་ལ་ངང་མོ་པད་མཚོར་འཇུག་པ་ལྟར་བློ་སེམས་གཅིག་སྒྲིམ་གྱིས་རི་མོ་འབྲི་བའི་ལས་ལ་གཞོལ་བའི་གོ་སྐབས་བྱུང་། 1993ལོར་པིར་རྩེའི་འོག་ནས་འཚོ་བའི་མཛེས་སྡུག་མཚོན་པར་ལྟ་ཞིབ་དང་བསམ་གཞིག་ལ་དགའ་བའི་ཅིན་ཙེ་ཧྭའི་བརྩམས་ཆོས《སྨོན་ལམ་འདེབས་པ》ཞེས་པར་ཞིང་ཆེན་ཡོངས་ཀྱི་འགྲན་བསྡུར་ཁྲོད་བྱ་དགའ་ཆེན་པོ་ཐོབ།

ཅིན་ཙེ་ཧྭ་ཡི་རི་མོ་བརྩམས་ཆོས།

བརྩེ་སེམས་ཆེན་པོ་པིར་རྩལ་ལས་བརྒྱུད་དེ་དཀར་མཛེས་ཁུལ་གྱི་མཛེས་རིས་གསར་པ་བརྩམས།

        དུས་རབས་གོང་མའི་ལོ་རབས90པའི་མཇུག་ཏུ་ཅིན་ཙེ་ཧྭ་ཡིས་འཇོན་ཐང་ཐོག་མར་མངོན་ནས་ཞིང་ཆེན་མཛེས་རྩལ་མཁས་ཅན་མཐུན་ཚོགས་ནང་ཞུགས་སྐབས་བརྩམས་ཆོས་མི་ཉུང་བ་ཞིག་ལ་བྱ་དགའ་ཐོབ་པ་དང་། སྒྱུ་རྩལ་ལ་བརྩོན་ལེན་ཚད་མེད་བྱས་པར་བརྒྱུད། མཛེས་རྩལ་རིགས་གཞུང་དང་ཆེད་ལས་ཀྱི་ཡོན་ཚད་མཐོ་རུ་ཕྱིན་པ་དང་སྦྲགས།རང་ཉིད་ཀྱི་ཞན་ཆ་ཡང་ཤེས་རྗེས་ཅིན་ཙེ་ཧྭ་ཡིས་མུ་མཐུད་ཟབ་སྦྱོང་བྱ་རྒྱུའི་ཐག་བཅད། 2006ལོར་མོ་ཀྲུང་གོའི་ཆེས་མཐོ་བའི་མཛེས་རྩལ་སློབ་གླིང་སྟེ་ཀྲུང་དབྱང་མཛེས་རྩལ་སློབ་གླིང་དུ་རྒྱུགས་འཕྲོད་པ་རེད། དེར་མོས་མི་དང་བྱ་བྱེའུ། རི་ཆུ་སོགས་ཀྱི་འབྲི་སྟངས་ཞིབ་ཚགས་སྦྱངས་པ་དང་ཞོར་དུ་ཀྲུང་གོའི་ཡིག་གཟུགས་ཀྱང་ཡག་མོ་སྦྱངས། 2009ལོའི་ཟླ་བ9པར་ཀྲུང་དབྱང་མཛེས་རྩལ་སློབ་གླིང་རྒྱལ་རིས་སློབ་གླིང་གི་རྒྱལ་ནང་འཚམས་འདྲིའི་མཁས་དབང་དུ་གྱུར།

        དེ་དུས་ཅིན་ཙེ་ཧྭ་ཡི་སློབ་གྲོགས་ཚོས་པེ་ཅིང་དུ་ལས་དོན་ཁང་བཙུགས་པ་དང་། རང་རྒྱལ་གྱི་སྲོལ་རྒྱུན་རི་མོར་ཁྲོམ་རའི་མདུན་ལམ་རྒྱ་ཆེན་པོ་ཡོད་པས་སློབ་གྲོགས་ཚོས་མོ་གདན་དྲངས་ནས་མཉམ་དུ་ལས་གཏོད་ལ་ཞུགས་པར་བསྐུལ་ཡང་ཕ་ཡུལ་དང་ནང་མིར་བརྩེ་བ་བོར་མི་བྲ་བ་བློ་ཐག་ཆོད་པོས་དར་རྩེ་མདོར་ལས་ཀ་སྒྲུབ་ཏུ་ལོག།

        སྦྱངས་པ་གྲུབ་རྗེས་ཅིན་ཙེ་ཧྭ་ཡིས་བློ་རྩེ་གཅིག་སྒྲིམ་གྱིས་གསར་རྩོམ་ལ་གཞོལ་བར་ཕུད། བསམ་འདུན་ཆེ་ཤོས་ནི་དཀར་མཛེས་ཁུལ་གྱི་རི་མོ་འབྲི་མཁན་ཤེས་ལྡན་མི་སྣ་གཅིག་ཏུ་བསྡུས་ནས་དཀར་མཛེས་ཁུལ་གྱི་རི་མོ་རྩོམ་སྲོལ་གསར་དུ་ངོམ་རྒྱུ་དེ་རེད། ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་རྒྱབ་སྐྱོར་འོག2017ལོའི་སྤྱི་ཟླ7པར་དཀར་མཛེས་ཁུལ་མཛེས་རྩལ་གསར་རྩོམ་གྱི་ཤེས་ལྡན་མི་སྣའི་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་དང་པོ་བཙུགས་ནས་སློབ་མ15བསྡུས་ཤིང་། དེའི་ནང་ནས་མི12སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་ལོ་དེ་གའི་སློབ་ཐོན་སློབ་མ་རེད། ཁོང་གིས་གསོ་སྦྱོང་འཛིན་གྲྭ་ཐེངས6གཉེར་བ་དང་མི50ལ་གསོ་སྦྱོང་བྱས། དངོས་ཡོད་སྒྲུབ་གཞིའི་བརྩམས་ཆོས39གསར་རྩོམ་ལ་ཟུར་ཁྲིད་བྱས་ཤིང་བརྩམས་ཆོས5ལ་ཞིང་ཆེན་གཞོན་ནུ་མཛེས་རྩལ་འགྲེམས་སྟོན་དང་དེ་བཞིན་ཞིང་ཆེན་རིམ་པའི་འགྲེམས་སྟོན་གཞན་དག་གི་གྲས་སུ་ཚུད་པ་དང་། བརྩམས་ཆོས་གཅིག་ལ་ཞིང་ཆེན་རིམ་པའི་བྱ་དགའ་རིམ་པ་གསུམ་པ་ཐོབ་པར་མ་ཟད། དཀར་མཛེས་ཁུལ་གྱི་རྩོམ་རིག་སྒྱུ་རྩལ་སྐབས་གསུམ་པའི་མཛེས་རྩལ་བྱ་དགའ་ཡང་ཐོབ་པ་དང་། དེ་མིན་བརྩམས་ཆོས་ཚང་མ་དཀར་མཛེས་ཁུལ་གྱི་གཙོ་དོན་མཛེས་རྩལ་བརྩམས་ཆོས་འགྲེམས་སྟོན་ནང་ཚུད་ཡོད་པ་རེད།

        ཅིན་ཙེ་ཧྭ་ཡི་མཛུབ་ཁྲིད་འོག་ཕ་ཡུལ་རྟའུ་ཡིན་པའི་སློབ་མ་འཕྲིན་ལས་བློ་གྲོས་ཀྱིས་བྲིས་པའི《ལོག་འདོད་བསམ་པ་མདའ་མོ་འཕངས་དང་འདྲ》ཞེས་པར་སི་ཁྲོན་ཞིང་ཆེན་གྱི2019ལོའི་སྐར་ཚོགས་རྣམ་པར་བཀྲ་བ་ཞེས་པའི་མཛེས་རྩལ་དང་ཡིག་གཟུགས། པར་ལེན་བརྩམས་ཆོས་ཕུལ་བྱུང་གི་བྱ་དགའ་ཨང་གསུམ་པ་ཐོབ་པ་དང་། ལོ་དེར་སི་ཁྲོན་ཞིང་ཆེན་གཞོན་ནུའི་རིས་འགྲེམ་སྐབས་བརྒྱད་པར་ཚུད། དེ་བཞིན་ཡོན་ཏན་དབང་པོ་ཡི《འབྱོར་འབྲིང་འཚོ་བ》ཞེས་པ《གྲོང་གསེབ་ཀྱི་ན་ཆུང་ཕོ་བྲང》ཞེས་པར་སི་ཁྲོན་ཞིང་ཆེན་དང་ཁུལ་གྱི་རི་མོ་འགྲེམ་སྟོན་དུ་ཚུད་ཅིང་བྱ་དགའ་ཐོབ་ཡོད།

        རི་མོ་བ་འཚོ་བར་དངོས་སུ་ཞུགས་ཚེ་གཞི་ནས་བརྩམས་ཆོས་ལ་བླ་སྲོག་དང་ཡིད་དབང་འཕྲོག་ཤུགས་ལྡན་ཡོད། ཅིན་ཙེ་ཧྭ་ཡི་གཅེན་པོ་དང་གཅེན་མོའི་བཟའ་ཟླ་ཚང་མ་དམག་ནང་ཞུགས་མྱོང་ཡོད་པས་ཁོང་གིས་དམག་མིར་གུས་བཀུར་ཆེན་པོ་བྱེད་ཀྱི་ཡོད། དམག་བཙུགས་ནས་ལོ85འཁོར་བའི་སྐབས་སུ་མོས་བསམ་བཀོད་ལྟར་རང་རྒྱལ་གྱི་སྲོལ་རྒྱུན་རི་མོའི་བརྩམས་ཆོས《བཀྲ་ཤིས་དམག་ལ་ཞུགས་པ》ཞེས་པ་བྲིས་པ་ལ་ཞི་མཛེས་བོད་ལྗོངས་མཛེས་རྩལ་བརྩམས་ཆོས་འགྲེམས་སྟོན་སྐབས་གཉིས་པར་བྱ་དགའ་ཕུལ་བྱུང་ཐོབ་པ་དང་། 2014ལོའི་སྤྱི་ཟླ11པར་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་སྒྱུ་རྩལ་དུས་ཆེན་སྐབས་བདུན་པའི་མཛེས་རྩལ་དང་། ཡིག་གཟུགས། པར་ལེན་བརྩམས་ཆོས་འགྲེམས་སྟོན་དུ་མཛེས་རྩལ་རིགས་ཀྱི་བྱ་དགའ་ཨང་དང་པོ་ཐོབ། 2019ལོར་མོས་བཀྲ་ཤིས་ཁྱིམ་དུ་ལོག་ནས་གཉེན་ཉེ་ཐུག་འཕྲད་བྱེད་སྐབས་ཕ་མ་གཉིས་པོས་གཟབ་མཆོར་སྤྲས་ཏེ་རླངས་འཁོར་བབས་ཚུགས་སུ་སྐྱེལ་མ་ཞུས་པའི་རྣམ་པ་སྟེ《དམག་ལ་ཕྱིར་ལོག་པ》ཞེས་བྲིས་པ་དང་བརྩམས་ཆོས་དེར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བ་དང་རྒྱལ་ཡོངས་མཛེས་རྩལ་འགྲེམས་ཚོགས་སྐབས་བཅུ་གསུམ་པའི་སི་ཁྲོན་གྱི་ཕུལ་བྱུང་མཛེས་རྩལ་བརྩམས་ཆོས་འགྲེམས་སྟོན་ལས་བྱ་དགའ་ཕུལ་བྱུང་ཐོབ་པར་མ་ཟད། ཤོག་ཐོག་བྲིས་པའི《དམག་ལ་ཕྱིར་ལོག་པ》ཞེས་པར་སི་ཁྲོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་གཉེར་བའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བ་དང2019ལོའི་སི་ཁྲོན་ཞིང་ཆེན་གྱི་སྐར་ཚོགས་རྣམ་པ་བཀྲ་བ་ཞེས་པའི་རི་མོ་དང་ཡིག་གཟུགས། པར་ལེན་བརྩམས་ཆོས་འགྲེམས་སྟོན་དུ་བྱ་དགའ་ཨང་གསུམ་པ་ཐོབ། 2022ལོར་ཁོང་གིས《ལས་འགན་གཟི་བརྗིད་ལྡན་པ》ཞེས་པ་གསར་དུ་བརྩམས་ཡོད།

        ཅིན་ཙེ་ཧྭ་ཞིང་ཆེན་མཛེས་རྩལ་མཐུན་ཚོགས་ཀྱིས་བསྡུས་པའི་རི་མོ་མཁས་ཅན་སི་ཁྲོན་གྱི་བཟོ་ལས་རྟེན་གཞིར་དངོས་བྲིས་བྱེད་སར་ཐེངས་མང་ཞུགས་མྱོང་ཡོད། གནའ་བོའི་ཚོང་འདྲེན་རྡལ་ལམ་ནས་ཁྲོན་བོད་གཞུང་ལམ། དེ་ནས་ད་ལྟའི་གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་བར་ཏེ་མཐོ་སྒང་འགྲིམ་འགྲུལ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད།འཛུགས་སྐྲུན་ལས་ཡུལ་དུ་རི་མོའི་རྒྱུ་ཆ་འཚོལ་སྡུད་ལ་བསྐྱོད་དེ《གངས་རི་པེ་ཅིང་དང་འབྲེལ་བ》ཞེས་པ་གསར་དུ་བརྩམས། ཐེངས་སུམ་ཅུ་ལྷག་བཟོ་བཅོས་བྱས་མཐར་བརྩམས་ཆོས་དེ2021ལོའི་ཟླ་བདུན་པར་སི་ཁྲོན་ལྷ་བཟོ་སྟེ་སི་ཁྲོན་བཟོ་ལས་ཀྱི་བརྗོད་གཞིར་བྱས་པའི་མཛེས་རྩལ་གསར་རྩོམ་འདུ་འགོད་ཀྱི་དཔྱད་འདེམས་བྱེད་སྒོར་ཞུགས་པ་དང་། ཀྲུང་གོའི་རི་མོའི་བརྩམས་ཆོས269ལ་ཞིབ་དཔྱད་གདམ་གསེས་ཐེངས་གསུམ་བྱས་ནས་བདམས་པའི་བརྩམས་ཆོས33གྱི་ཡ་གྱལ་དུ་ཚུད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1