མཛོད་དགེ་རྫོང་ནོར་སྲིད་ཅུས་ཀྱིས་མེ་གསོད་བདེ་འཇགས་ཤེས་བྱ་གསོ་སྦྱོང་དང་འཕྲལ་བསྟུན་སྦྱོང་བརྡར་བྱེད་སྒོ་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།དཔལ་མགོན། སྤེལ་དུས། 07-11


        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་རྣམ་བཤད་གལ་ཆེན་ལག་ལེན་མཐར་ཕྱིན་སྒོས།    ཉིང་ཞ་ཧུའེ་རིགས་རང་སྐྱོང་ཁུལ་དབྱི་ཁྲོན་གྲོང་ཁྱེར་ཟས་སྲེག་ཁང་གི་འབར་གས་དོན་རྐྱེན་གྱི་ཉམས་མྱོང་བསླབ་བྱ་སྡུད་ལེན་བྱས་ཏེ།   མེ་གསོད་བདེ་འཇགས་ཤེས་བྱ་སྔར་ལས་ཁྱབ་གདལ་དང་མེ་གསོད་བདེ་འཇགས་འདུ་ཤེས་ཇེ་ཆེར་བཏང་སྟེ། ལས་བཟོ་བའི་མེ་སྐྱོན་བཀག་འགོག་དང་འཕྲལ་བསྟུན་ཐོལ་བྱུང་གནས་ཚུལ་ལ་ཁ་གཏད་གཅོག་པའི་ནུས་པ་ཆེར་གཏོང་ཆེད།  ཉེ་ཆར་རྫོང་ནོར་སྲིད་ཅུས་ཀྱིས་མེ་གསོད་བདེ་འཇགས་ཤེས་བྱ་གསོ་སྦྱོང་དང་འཕྲལ་བསྟུན་སྦྱོང་བརྡར་བྱེད་སྒོ་སྤེལ།

        ཐེངས་འདིའི་གསོ་སྦྱོང་ཁྲོད་མཛོད་དགེ་རྫོང་མེ་གསོད་རོགས་སྐྱོབ་རུ་ཆེན་གྱི་མེ་གསོད་མི་སྣ་གདན་དྲངས་ཏེ་སློབ་ཁྲིད་བྱས།  མེ་གསོད་དྲིལ་སྒྲོག་མཁན་གྱིས་ཉེ་བའི་ལོ་ཤས་རིང་གི་མེ་སྐྱོན་གྱི་དཔེར་མཚོན་དོན་རྐྱེན་དང་འབྲེལ་ཏེ།   ཇི་ལྟར་ཡང་དག་པའི་སྒོ་ནས་མེ་སྐྱོན་སྔོན་འགོག་དང་མེ་སྐྱོན་སྔོན་བརྡ་གཏོང་བ།   མེ་གསོད་སྒྲིག་ཆས་བེད་སྤྱོད་སོགས་བྱེད་པར་འགྲེལ་བཤད་ཞིབ་མོར་བྱས་པས།  ལས་བཟོ་བ་ཡོངས་ལ་ཕན་ཆེན་པོ་ཐོགས།  མེ་གསོད་སྦྱོང་བརྡར་གྱི་ཡུལ་དངོས་སུ་མེ་གསོད་དྲིལ་སྒྲོག་མཁན་གྱིས་ཚང་མར།   ཁྱིམ་ཚང་གི་ཐབ་སླང་དང་འབར་རླངས་ལ་མེ་ཤོར་བར་ཁ་གཏད་ཇི་ལྟར་གཅོག་ཚུལ་ཁྲིད་པར་མ་ཟད།   ཡུལ་དངོས་ནས་ཚང་མར་མེ་གསོད་ཡོ་ཆས་ཀྱི་ཡང་དག་པའི་སྤྱོད་ཚུལ་དམར་ཁྲིད་བྱས་ཏེ།   སྦྱོང་བརྡར་དུ་ཞུགས་མཁན་རེ་རེ་ལ་མེ་གསོད་ཡོ་ཆས་སྤྱོད་ཚུལ་ཁྲིད་ནས།   ལས་བཟོ་བ་ཡོངས་ཀྱི་མེ་སྐྱོབ་དང་མེ་གསོད་ནུས་པ་ཇེ་ཆེར་བཏང་།

        ཐེངས་འདིའི་བྱེད་སྒོ་སྤེལ་བ་བརྒྱུད།   ལས་བཟོ་བ་ཡོངས་ལ་བདེ་འཇགས་ཐོན་སྐྱེད་དང་མེ་གསོད་བདེ་འཇགས་ལས་ཀའི་གལ་ཆེན་རང་བཞིན་ལེགས་པར་རྟོགས་སུ་བཅུག་སྟེ།  མེ་སྐྱོན་འབྱུང་སྐབས་ཀྱི་འཕྲལ་བསྟུན་ཐག་གཅོད་དང་རང་སྐྱོབ་གཞན་སྐྱོབ་ནུས་པ་ཇེ་ཆེར་བཏང་སྟེ།   བདེ་འཇགས་ཀྱི་མ་མཐའི་སྲུང་མཚམས་སྔར་ལས་ཇེ་བརྟན་དུ་བཏང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1