སྡུག་བསྔལ་གྱི་སྙེ་མ།
རེ་རྐང་གླིང་། (རྨ་ལྷོ)
ཁུར་གྱིས་དུད་པའི་སྡུག་བསྔལ་གྱི་འབྲས་བུ
མི་རྟག་པའི་བུམ་པ་རུ་བཞད་པའི་མེ་ཏོག
རླུང་གིས་སྒུལ་ཞིང ཡིད་ཀྱི་རྦ་ཀློང་སྐྱོམ
སྤྲིན་གྱི་གཡོར་མོ་ཕྱེ་བའི་གྲུ་གཟིངས
སེམས་པའི་རི་རབ་བརྒལ་བར
རྨི་ལམ་གྱི་རྒྱ་མཚོ་བསྐྱོམས་ཤིང་འཁྲུག
སྐྱ་རེངས་ཀྱི་མཐིང་ཤོག་ངོས་ལ་བྲིས་པའི་ཉི་ཟླ་སྐར་གསུམ
ཕྱི་མིག་ཀློང་གི་གསེར་གྱི་དོང་ཙེ་རེ་རེར་གྱུར་དུས
མེ་ལོང་ནང་གི་ལོ་ཟླར་ཟངས་ཀྱི་དྲེག་པ་ཆགས
ཞོགས་པ་བགྲེས་སོང་དེའི་འཁར་བ
འཆི་བདག་གི་ཕྱོགས་སུ་གཏད་པས
མྱ་ངམ་ཐང་གི་རྐང་རྗེས་མཐའ་དག་ལས
སྡུག་བསྔལ་གྱི་ཆུ་མིག་རེ་རྡོལ་ཡོང
ཡོད་ཚད་ལྷིང་ཞིང་འཇགས་པའི་དུས་ལ
ནམ་མཁའ་ནི་སྒེའུ་ཁུང་ཞིག་སྟེ
སྒེའུ་ཁུང་དེ་ཁོ་ནས
ད་གཟོད སྡུག་བསྔལ་གྱི་སྙེ་མའི་མགོ་ལྕོག་ལྡེམ་པའི
འབྲས་བུ་དེ་ཟ་མཁན་ང་ཁོ་ན་ཡིན་པ་ཁྱོད་ལ་སྟོན
༢༠༡༧ལོའི་ཟླ༡༠པའི་ཚེས༢ཉིན།