སྙན་ངག་གི་མགོ་སྦྲ་གྲུ་བཞི། (ཞར་བཀོད་གཅིག)
གུ་རུ་དོན་གྲུབ། (རྨ་ལྷོ)
ཐ་སྙད་ཀྱིས་སྦྲེ་ཞིག་འཐག
ཕྲད་ཀྱིས་འཚེམ་བུ་བཟོ
ཐགས་འཁྲི་ནི་ཁྲིམས་སྟེགས་ཤིག
གཏག་མ་ནི་ཁྲིམས་གཅོད་པ་ཞིག
རྒྱུ་སྤུན་གཉིས་ཀྱིས་ཞེ་འདང་གི་རི་མོ་མུ་ནས་མུར་འཐག
ཁབ་རིང་ཞིག་ལ་ཨ་ཕའི་བློ་གྲོས་རྒྱུན
སྐུད་པ་ཞིག་ལ་ཨ་མའི་བརྩེ་བ་བཀལ
ཁབ་རྗེས་སྐུད་པས་འབྲངས་པ་ན
སེམས་ལ་སྲུབས་ཀ་མེད་པར་གྱུར
ཁ་ཚུབ་ལས་ནམ་མཁའ་སྔོན་པོ་ཞིག་མཐོང
ཉི་ཟླའི་གོམ་འགྲོས་ཚོར
སྐར་མའི་གཡོ་འཕྲུལ་རྟོགས
ཡར་སྒྱིད་ན་ཕ་ཡི་སྒམ་བརླིང་འཁྱིལ
མར་སྒྱིད་ན་མ་ཡི་བརྩེ་བ་མཆེད
བྱིས་པ་ཚོ སྦྲའི་རྒྱུ་སྤུན་བར་གྱི་འོད་ཐིག་རེ་རེར་ཞོན
ཐབ་མགོ་ན་རླངས་པའི་རྒྱུད་སྐུད་ཡང་ཡང་འདར
སྙན་ངག་གི་མགོ་སྦྲ་གྲུ་བཞི
ཀ་ཕུར་སྟོང་གི་རྩེ་མོས་འབྲི་བཞིན་པའི་ཐང་ག་ཞིག
ཐ་སྙད་ཀྱིས་སྦྲེ་ཞིག་འཐག
ཕྲད་ཀྱིས་འཚེམ་བུ་བཟོ
2015.9.12
འཁྲབ་སྟོན།
ངས་ཁྱོད་རང་འཁྲབ
ཁྱོད་ཀྱིས་ང་རང་འཁྲབ
འཁྲབ་གཞུང་ད་དུང་འབྲི་འཕྲོར་ལུས་འདུག
ཁྱོད་རང་འཁྲབ་གཞུང་ཞིག་ཏུ་གྱུར
ང་ཡང་འཁྲབ་གཞུང་ཞིག་ཏུ་གྱུར
ཁྱོད་རང་འཁྲབ་མཁན་དེ་ང་ཡིན
ང་རང་འཁྲབ་མཁན་དེ་ཁྱོད་རེད
འཁྲབ་ཁྲིད་པ
འུ་གཉིས་ཀྱི་རྒྱབ་ལོགས་ན་ངལ་གསོ་བྱེད
དོན་ལ ངས་འཁྲབ་ཀྱིན་པ་དེ་ཁྱོད་རང་མ་རེད
ཁྱོད་ཀྱིས་འཁྲབ་ཀྱིན་པ་དེའང་ང་རང་མ་རེད
མ་གཞི་སྣང་བ་ཙམ་མོ།
གཡང་དཀར་རྫི་བོ། (ཟི་ལིང)
གནམ་མཐའ་དང་མཉམ་པའི་སེམས་ཀྱི་མངའ་ཐང་དུ
ངའི་རྨི་ལམ་ལ་གཤོག་པ་ཐོགས
བྱིས་དུས་ཀྱི་འཚོ་བ་ནི་དྭངས་ཤིང་གཙང་བས
ཐ་སྙད་ཀྱི་རྩེད་རྡོ་བསྒྲིགས་ནས
སེམས་པ་གླན་བཞིན
ངས་ཁྱེད་ལ་སྡུག་ཡུས་ཀྱི་གདུང་བ་གླེང་འདོད
འདི་ནི
མ་གཞི་སྣང་བ་ཙམ་མོ