ངམ་རིང་①ནས་མཐོང་བའི་བྱ་དང་བྱེའུ་ཁྱུ་ཞིག (ཞར་བཀོད་གཅིག)
རི་སྔོན་བླ་མ་ཐར། (ཀན་ལྷོ)
ཡར་ཀླུང་གཙང་པོ་བརྒྱུད་དུས
བྱ་དང་བྱེའུ་ཁྱུ་ཞིག
མགོ་ཐོག་ཏུ་འཕུར་ནས་འགྲོ་བཞིན་འདུག
གང་ཞིག་ནས་འཕུར་ཡོང་ཞིང
གང་ཞིག་ཏུ་འཕུར་འགྲོ་བ་ཆ་མ་འཚལ
བར་སྣང་ཁམས་སུ
སྐྱི་བསེར་རླུང་བུའི་ནང་དུ
ཁ་བའི་འདབ་མའི་ཁྲོད་དུ
ཐག་རིང་གི་སྨིག་རྒྱུའི་ཀློང་དུ
གཤོག་སྒྲོ་ནི་རྡེབ་ཙམ་རྡེབ་ཙམ
སྐད་ངག་ནི་འདར་ཙམ་འདར་ཙམ
བར་སྣང་ནི་མཐའ་མེད་པ་འདྲ་བ་ཞིག
མཐོ་སྒང་གི་ནམ་མཁའི་ཁྱོན་དུ
ཉི་མ་ནི་མིག་གིས་མཐོང་ཡང་ཉེ་བར་བཅར་དཀའ་བ་ཞིག
དེ་རིང་སྤྲིན་པ་ལེབ་མོ་ཞིག་འཁྲིགས་ནས
ཡུལ་ཕྱོགས་དུ་མར་གྱེས་སོང
ཉི་མའི་རྒྱབ་ཕྱོགས་སུ
ལང་ལོང་གཡོ་བའི་སྤྲིན་པའི་ཁྲོད་དུ
བདག་མེད་ཀྱི་བྱེའུ་ཁྱུ་ཞིག
མགོ་འཁོར་བ་དང་འདྲ་བར
ཚང་མལ་བོར་བ་དང་འདྲ་བར
བར་སྣང་དུ་ཡར་འཕུར་མར་འཕུར་བྱེད
ཡུན་རིང་དུ་འཕུར་འཕུར་རྗེས
ནམ་ཞིག་གཡང་སའི་གྲོག་རོང་དུ་ལྷུང་ཨེ་འགྲོ་སྙམ
བྱ་ཁྲ་གཏུམ་པོའི་སྡེར་འོག་ཏུ་ལྷུང་ཨེ་འགྲོ་སྙམ
རེ་ཞིག་ཁ་ཐོར་དུ་ཨེ་འགྲོ་སྙམ་དུས
སེམས་ཁོང་ནི་དེ་མ་ཐག་འཁྱག་པར་གྱུར་འགྲོ
སེམས་ཁོང་ནི་དེ་མ་ཐག་དངངས་འཚབ་ཅིག་གིས་ཁེངས་འགྲོ
བྱ་དང་བྱེའུ་དག་གི་དངངས་འཚབ་དེ་ནི
ང་ཡི་དངངས་འཚབ་མ་ཡིན་ནམ
རི་རྒྱུད་མཐོན་པོ་དག་གི་གཡས་གཡོན་དུ
གཙང་ཆུ་གྱ་གྱུ་ཞིག་གི་ཕར་ཚུར་དུ
ས་སྒང་གི་ནམ་མཁའི་ཁྱོན་ཡངས་པོར
དྭངས་ཐབས་མེད་པ་ལྟ་བུའི་སྨིག་རྒྱུ་འཐིབས
ཉི་ཟླ་སྐར་མའི་འཁོར་ལོའི་འོག
སྨད་མདོ་ཁམས་ནས་སྟོད་མངའ་རིས་བར
ལ་དང་ལ་མོའི་ཕྱོགས་སུ
གྲང་རླུང་ཞིག་འཁྱག་ཤུར་ཤུར་ལྡང
ཡུལ་ལ་ལོག་འགྲོ་སྙམ་དུས
ཕ་ཡུལ་ནི་ས་ཕྱོགས་གང་དུ་ཡོད་དམ
ཕ་མ་སྤུན་མཆེད་ཀྱང་ས་ཕྱོགས་གང་དུ་ཡོད་དམ
ས་སྲོད་ལ་ངམ་རིང་བརྒྱུད་ནས་འགྲོ་དུས
བྱ་དང་བྱེའུ་ཁྱུ་ཞིག
མགོ་ཐོག་ནས་འཕུར་སོང
ཡུལ་འཁྱར་བ་འདྲ་བའི
ཁ་ཕྱོགས་མེད་པ་འདྲ་བའི
བྱ་དང་བྱེའུ་དེ་དག་གིས
སྐྱི་བསེར་རླུང་བུའི་ནང་དུ
ཤུགས་ཆེན་པོས་རང་རང་གི་གཤོག་སྒྲོ་བརྐྱངས་ནས
མཐོ་ས་ནས་མཐོ་སར་འཕུར
ཡང་ལན་རེར་མགོ་རྨོངས་པ་དང་འདྲ་བར
ནམ་མཁའ་ནས་མར་ལྷུང་ཙམ་ལྷུང་ཙམ་དུ་གདའ
༢༠༡༦ལོར་ངམ་རིང་ནས་བྲིས།
ཆུང་གྲོགས་རབ་བརྟན་ལ་ཕུལ།
འཆར་མ་ཐག་པའི་ཉིན་བྱེད་དེ
འགྲོ་བའི་གྲང་རེག་དང་འཕྲད་སོང་ངམ
ལུང་བའི་ཕུ་ནས་མདའ་ཡི་བར
ཨ་མའི་སློག་པ་ལན་གསུམ་དྲན་ཡོང
ཆུ་བོ་ཆབ་རོམ་གྱིས་བསྡམས་ཏེ
ངག་མེད་ལྐུགས་པ་བཞིན་ལུས
སྤང་དང་སྤེན་མའི་མཚམས་སུ
རླུང་བུས་སྦུར་མ་ཁྱེར་གྱིན
མཐོ་སའི་སྤྲིན་གྱི་འདབ་མ
དེ་རིང་གར་འགྲོ་ངེས་མེད
སྒང་གི་ཕར་ནང་ཚུར་ནང
བ་རིབ་སྨིག་རྒྱུ་འདྲ་བ
གུར་ནི་གཤོང་དུ་ཉལ་ཡང
རླུང་གིས་འཇབ་ཅིང་རྒོལ་གྱིན
ལྷས་རའི་མཐའ་ཡི་མཐའ་རུ
ལུ་གུ་གཉིད་ལོག་བརྒྱབ་ཚར
འཕུར་ནས་འགྲོ་བའི་བྱ་དེ
ནགས་ཀྱི་གཟེབ་ཏུ་ལྷུང་སོང
གྱང་ཆག་དག་གི་ཤུལ་ཏུ
འཇག་རྩྭས་སྙན་ངག་གྱེར་བཞིན
འབྲི་མོས་བེའུ་ལ་སྐོར་བ་རྒྱག
འབྲི་མོས་བེའུ་ལ་ལྕེ་ཡིས་ལྡག་གིན
ཁྱི་རྒན་རྒྱལ་བོའི་སྐད་ནི
སྲོད་ལ་འདར་འདར་ཟུག་གིན
ང་ཡི་གཡག་ཆུང་རོག་པོས
ལ་ཆེན་ལ་ཆུང་རྒྱོབ་ནས་ཤོག་ཟེར
འགྲོ་དང་གོམ་པའི་བར་ནས
ཨོ་ལོའི་ངུ་སྐད་རྣ་ལ་ལྷུང་ཡོང
མཚན་གྱི་རྨི་ལམ་ནང་དུ
ང་རང་རྟ་ཕོ་བཞོན་ནས་ཡུལ་ལ་ལོག
ཡུལ་ནི་གཟིམ་ལ་ཉེ་བའི་མཆོད་མེ་རྐོང་གཅིག
ཡུལ་ནི་རུམ་དུ་བཅུག་པའི་རྩམ་པ་ཕོར་གང
༢༠༡༧ལོའི་ཟླ༨པའི་ཚེས༢༠ཉིན་སྟོད་ལུང་གསང་ཕུ་ནས་བྲིས།
མཆན།
①ངམ་རིང་། དབུས་གཙང་ཕྱོགས་ཀྱི་རྫོང་ཞིག་སྟེ། གཙང་གི་ནུབ་རྒྱུད་དང་མདོག་གཞུང་གཙང་པོའི་ཆུ་རྒྱུད་དུ་ཡོད། ཡར་ཀླུང་གཙང་པོ་རྫོང་འདིའི་ནུབ་རྒྱུད་ནས་ཤར་དུ་འབབ།