ཡུལ་ལ་ལོག་པ།
ཐང་གཞུང་རྟ་མགྲིན་རྡོ་རྗེ། (ཀན་ལྷོ)
ཡུལ་ལ་ལོག་དུས་ནི་སྟོན་མཇུག་ཅིག་སྟེ
ཆུ་བོ་རྒྱས་ནས་སྟོན་བསིལ་ཆེ་དུས་ཤིག་རེད
རྩྭ་དང་རྩི་ཤིང་རིགས་ནི་རྒས་འཁོགས་ཀྱིས་མངོན་ཏེ
མིག་མཐའ་མཆི་མས་བརླན་ནས་འདུག
སྡེ་འདབས་ཀྱི་གྲམ་ཆུའི་ཁ་རུ
སྟོན་ལོ་སེར་པོ་བབས་ནས
ཅི་ཞིག་དྲན་པ་ལྟར་སྣང
ཡུལ་ལ་ལོག་པས
ལ་དང་ལུང་བར་ཅེར་ནས
རི་བབ་ཀྱི་སྒང་ལ་བུད་ནས
ཁེར་ལབ་ཡང་ཡང་བྱེད་ཀྱང
ངང་ཆུང་གིས་ཁྱེད་ཀྱི་སྒལ་གཞོང་ལ་རེག་ནས
ཁ་རོག་གེར་བསྡད
རྒྱང་ལྟ་ལ་གོམས་པའི་ངང་ཚུལ་འདིས
རི་རབ་ཀྱི་རྩེ་མོར་འཁྱུད་ནས
སྤྲིན་རིམ་གྱི་ཉི་མར་འགྲོགས་ནས
དུས་ཚོད་ནི་ངང་སྒུག་འདྲ་བའི་སྣང་བ་སྟེར
ཡུན་ནས་ཡུན་དུ་ཧད་དེ
ཕ་ཡུལ་གྱི་ནམ་ཟླར་ཞེན་རེ་འཁོར
ལུང་གསུམ་མདོ་ནས
རྡེའུ་འབུམ་གྱི་བྱིན་རླབས་སྒོམ་གྱིན
བཞུད་སྔ་བ་མང་པོ་ཞིག་དྲན་འོང་ལ
དེ་དག་ནི་སུ་དང་གང་ཡིན་ཡང
ཚེ་རབས་ཀུན་ཏུ་ངར་ལས་སྐྱེས་པ་ཞིག་རེད
ཡུལ་ལ་ལོག་དུས
ང་རང་ཉམ་ཆུང་གིས་ལངས་ཏེ
བསམ་གཞིག་སྣ་ཚོགས་བཏང་ནས་ཡོད
སྟོན་མཇུག་ལ་སླེབས་པས
ཕ་ཡུལ་ནི་ཁ་དོག་གི་ཞིང་ཁམས་ཤིག་སྟེ
སྟོན་ལྗོངས་ཀྱི་སྣང་བས་དྲན་པ་མང་པོ་གསོས
རྫ་མགོ་རི་མགོར་རྒྱུ་བའི་སྨུག་སྤྲིན་ལང་ལོང
ངག་རྒྱུན་དུ་དྲངས་པའི་གཏམ་རྒྱུད་བཞིན
ཡིད་ངོར་ལུས་ནས་འཛད་མཐའ་མེད་པར་གཏམས
དེ་དུས་ནས་ཡང་ཡང་དྲན་པའི་མོད་ལ
ཕ་ཡུལ་ནི་ཉི་ཟླར་འགྲོགས་པའི་བྱིས་པ་བསམ་མེད་འདྲ
ཡུལ་ལ་ལོག་པ་ནི་སེམས་ཁྲལ་ཞིག་སྟེ
གྲང་རེག་ངོས་ཀྱི་ཡལ་ག་འདར་ནས
ནགས་ཚལ་སྟུག་པོར་སྨོན་པ་ཞིག
ལས་སྨིན་དག་ནས་ནམ་མཁའ་ལྟ་བུའི་མེ་ལོང་བཟོ་བ་འདྲ
དགའ་སྡུག་གང་ལ་ཕྲད་ནའང
ཕ་ཡུལ་གྱི་ལོ་ཟླ་ནི
ནམ་ཞར་ཡིད་ལ་འཁོར་ནས་འོང
༢༠༡༧.༡༠.༥ཉིན་ཕྱིང་གུར་ཕུ་ནས།