2017ལོའི་རང་ཁུལ་གྱི་སྐྱེ་ཁམས་དབུལ་སྐྱོར་གྱི་ལས་དོན་ཆེད་བཀོད།

ཚུལ་ཁྲིམས་རྡོ་རྗེས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-31



དབུལ་སྐྱོར་ལམ་སྲོལ་གསར་གཏོད་བྱས་པ་ཡིས།། སྐྱེ་ཁམས་ཕན་འབྲས་མཉམ་དུ་མྱང་བར་བྱ།།

     2017ལོར། རང་ཁུལ་གྱིས་རང་བྱུང་ནགས་ཚལ་སྲུང་སྐྱོབ་ཀྱི་སྤྱི་ཕན་ནགས་ཚལ་མུའུ་ཁྲི14.6བཏབ་པ་དང་། རྨོ་སྐྱུར་ནགས་འདེབས་ཀྱི་གྲུབ་འབྲས་མུའུ་ཁྲི69.3གཏན་སྲུང་བྱས། བདག་སྲུང་བྱས་པའི་ནགས་ཚལ་མུའུ་ཁྲི5580.45དང་། མཉམ་སྡེབ་སྤྱི་ཕན་ནགས་ཚལ་མུའུ1044.99དང་། བཅོས་ཤིང་བསྐྱངས་པའི་སྐྱེ་ཁམས་ཉམས་ཞན་གྱི་ས་ཁུལ་ལ་མུའུ་ཁྲི3.56ཡོད་པ་དང་། འགན་སྲུང་བྱས་པའི་ནགས་ཚལ་ལ་མུའུ་ཁྲི5700དང་།  རྩྭ་ཐང་གི་སྣོད་བཅུད་སྲུང་བའི་ཁ་གསབ་ཀྱི་བྱ་དགའ་འཐོབ་ཡུལ་ལ་མུའུ་ཁྲི5765དང་། ས་ཆུ་ཤོར་བའི་ས་ཁུལ་བཅོས་སྐྱོང་བྱས་པར་སྤྱི་ལེ་གྲུ་བཞི་མ57.1ཡོད་པའོ། །དེ་དང་ཆབས་ཅིག་ཏུ་རང་ཁུལ་གྱིས་མི་རྣམས་གནས་བཅས་པའི་ཁོར་ཡུག་ལེགས་སུ་གཏོང་བར་མུ་མཐུད་ཤུགས་བསྣན་པའོ། །2017ལོར་རང་ཁུལ་གྱིས་བུན་ཁྲོན་རྫོང་དང་། ལིས་རྫོང་དང་། མའོ་རྫོང་དང་།  ཟུང་ཆུ་རྫོང་དང་། ཁྲོ་ཆུ་རྫོང་བཅས་རྫོང་ཁག་ལྔའི་ཁོངས་ཀྱི་གྲོང་རྡལ་དང་། སྡེ་བ་དང་། ཡུལ་མི་གནས་སྡོད་དག་ཏུ་དོ་དམ་གྱི་ཆུ་ཚད་དམའ་བ་དང་། གཙང་སྦྲ་མེད་པ་དང་། ཉོག་ཞིང་འཆལ་བ་རྣམས་བཅོས་པ་དང་། མི་ཕྱུགས་ཁ་ཁར་བསྡད་དུ་བཅུག་པ་དང་།  སྙིགས་ཆུ་དང་བཙོག་ཆུ་ཐག་གཅོད་བྱེད་པ་རྣམས་གནད་དུ་བྱས་པའི་ཁོར་ཡུག་གི་གནད་དོན་མངོན་གསལ་ཅན་ཐག་གཅོད་དང་བཅོས་སྒྲིག་བྱས་པ་རེད། ཆུ་ཁུངས་སྲུང་སྐྱོབ་དང་ཆུའི་སྤུས་ཀར་འགན་སྲུང་བྱེད་པར་ཤུགས་བསྣན་ཏེ། དབུལ་ཕོངས་ས་ཁུལ་དུ་ཆུ་མཁོ་འདོན་བྱས་པའི་ཆུའི་བཟང་ཚད་ཇེ་ལེགས་སུ་བཏང་བས། དབུལ་ཕོངས་ས་ཁུལ་གྱི་འཐུང་ཆུའི་བཟང་ངན་གྱི་ཚད90%ཡན་ཟིན་ཡོད།   

སྤྱི་ཕན་རང་བཞིན་གྱི་ལས་གནས་དེ་དབུལ་བོའི་ཁྱིམ་ཚང་གི་ཡོང་འབབ་འཕར་བའི་ཐབས་ལམ་གསར་པར་གྱུར་པ།
    “མེ་ཏོག་དང་རྩྭ་ལྡུམ་འདི་དག་ལ་བརྟེན་ནས་དབུལ་སྒྲོལ་ཐུབ་པ་ཡིན།” མཛོད་དགེ་རྫོང་ཨ་སྐྱིད་ཡུལ་ཚོའི་མདོ་ཚ་སྡེ་བར་ཁྱིམ་གཞིས་ཆགས་པའི་འབྲོག་པ་དབུལ་བོ་ལོ་ཁུ་ཟེར་བ་དེ2016ལོའི་ཟླ9པ་ནས་བཟུང་རླན་ས་བདག་སྲུང་པར་གྱུར་པ་ནས་བཟུང་།   འཕྲུལ་རྟར་བཞོན་ནས་མཛོད་དགེའི་མཚོ་ཁྲ་ཁྲབ་ཀྱི་རླན་སའི་ཁུལ་དུ་བསྐོར་བསྐྱོད་བྱེད་པ་དེ་ཁོའི་ཉིན་རྒྱུན་གྱི་ལས་ཀར་གྱུར་ཡོད་པ་རེད།   
       དབུལ་སྒྲོལ་ཕྱུག་འགྱུར་བྱེད་པའི་ལག་ཤེས་མེད་པས། ལོ་ཁུ་ཚང་བཟའ་མི་ལྔའི་འཚོ་བ་ད་ལྟའི་བར་དཀའ་ངལ་ཆེ་བར་མ་ཟད། “སྔར་ངེས་གཏན་གྱི་ཡོང་སྒོ་མེད་པའི་རྒྱུ་མཚན་གྱིས། ཟས་སྔོ་དྲོ་ཡོད་ན་ཕྱི་དྲོ་མེད་པ་ལྟ་བུ་ཡིན། དཀའ་ངལ་ཤིན་ཏུ་ཆེ།” ཞེས་ལོ་ཁུས་གསར་འགོད་པར་བཤད།
       གསར་འགོད་པས་ཤེས་པ་ལྟར་ན། ལོ་ཁུ་རླན་ས་བདག་སྲུང་པར་གྱུར་པ་ནས་བཟུང་ཟླ་རེར་རོགས་དངུལ་སྒོར830 ཡོད་པས། དེ་ནི་དབུལ་བོའི་ཁྱིམ་ཚང་ཞིག་ལ་མཚོན་ན།  ལྟོགས་པའི་དུས་ཀྱི་ཟས་དང་གྲང་བའི་དུས་ཀྱི་གོས་ཅི་ལ་མིན་ཨང་།
       རྔ་བའི་ས་ཁུལ་དུ་ལོ་ཁུ་ལྟར་སྐྱེ་ཁམས་དབུལ་སྐྱོར་གྱི་སྤྱི་ཕན་རང་བཞིན་གྱི་ལས་གནས་སུ་ཡོད་པའི་དབུལ་བོའི་ཁྱིམ་ཚང་ད་རུང་ཤིན་ཏུ་མང་པོ་ཡོད་དེ།  ཚད་མར་འོས་པའི་གཞི་གྲངས་ལྟར་ན། མིག་སྔར་ཁུལ་ཡོངས་ཀྱི་རྫོང་དང་གྲོང་ཁྱེར་བཅུ་གསུམ་
དུ་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་བོ་རྣམས་སྐྱེ་ཁམས་ནགས་སྲུང་པར་འདེམ་པའི་ལས་ཀ་ཡོངས་སུ་ཚར་ཡོད་པར་མ་ཟད། ཁྱོན་སྐྱེ་ཁམས་ནགས་སྲུང་པ3039བདམས་ཡོད་པ་དང་། དེར་ཡུལ་ཚོ་དང་གྲོང་རྡལ199དང་། སྡེ་བ1023གྱི་མི་ཚུད་ཡོད་པ་རེད།
       2016ལོའི་ཟླ7པར་། ཁུལ་ནགས་ལས་ཅུས་དང་། མཛོད་དགེ་རྫོང་ནགས་འཛུགས་ཅུས་དང་། རྨིན་ཅང་གཙང་བོ་ནགས་འཛུགས་ཅུས་ཀྱིས་མཉམ་དུ་མ་དངུལ་ཁྲི300བསྡུས་ཏེ། མཛོད་དགེ་རྫོང་དུ་ནགས་ལས་སྐྱེ་ཁམས་ཀྱི་དབུལ་བྲལ་གནད་སྒྲོལ་གྱི་ཚོད་ལྟའི་གནས་གཞི་བཙུགས་ཏེ་ལས་ཀ་བྱས་པ་དང་། ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་བོའི་ཁྱིམ་ཚང་རྣམས་ལས་མི300བདམས་ཏེ། སྐྱེ་ཁམས་ནགས་སྲུང་པ་དང་རླན་ས་བདག་སྲུང་པར་བཞག་པས། ཁྱིམ་ཚང་དེ་རྣམས་ཀྱི་ཆ་སྙོམས་ཀྱི་ལོ་རེའི་ཡོང་འབབ་སྒོར་ཁྲི་གཅིག་ཡར་འཕར་བ་རེད།

       2018ལོ་ནས་བཟུང་ནགས་ལས་ཁེ་ལས་བཅུ་ཡིས་ལོ་རེར་མ་མཐར་སྒོར་ཁྲི60སྐྱེ་ཁམས་དབུལ་སྐྱོར་གྱི་ཕྱོགས་ལ་གཏང་དགོས་པ་དང་། རྫོང་དང་གྲོང་ཁྱེར13དང་། གཟི་རྩ་སྡེ་དགུ་དང་གསེར་མཚོ་སྟེ། རང་བྱུང་སྲུང་སྐྱོང་ཁུལ་གཉིས་ཀྱི་དོ་དམ་ཅུས་རྣམས་ཀྱིས་ལོ་ལྟར་ནགས་ཚལ་དོ་དམ་གྱི་འགྲོ་སོང་མ་དངུལ་སྒོར་ཁྲི60སྐྱེ་ཁམས་དབུལ་སྐྱོར་གྱི་ཕྱོགས་ལ་སྤྱད་དགོས་པ་ཡིན་ནོ།།

སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་ཀྱིས་དབུལ་སྐྱོར་གནད་ཁེལ་ལ་རོགས་འདེགས་བྱེད་པ།
      རི་བོ་མཐིང་ལྟར་སྔོ་ཞིང་ཆུ་བོ་ཤེལ་ལྟར་དྭངས་པ་འདི་སྐྱེ་ཁམས་ཀྱི་ཁུལ་འཛུགས་པའི་རྩ་བ་ཡིན་པར་མ་ཟད། ཁུལ་ཡོངས་ཀྱི་ཡུལ་སྐོར་ལས་རིགས་དང་ཞིང་ལས་གོང་འཕེལ་དུ་གཏོང་བའི་རྨང་རྐང་ཡིན།
      ཁྲོ་ཆུ་རྫོང་ཆུ་ནག་ཡུལ་ཚོའི་སྡེ་མི་ཡིད་དབང་མཚོ་ཚང་གི་ས་ཞིང་མུའུ་གཉིས་ལྷག་ཡོད་པ་ཞིག་ནས་ལོ་རེར་སྲན་མ་རྒྱ་མ8000ཡར་མར་ཞིག་བསྡུ་ཐུབ་པ་དང་། སྲན་མ་རྒྱ་མ་གང་ལ་སྒོར་གཅིག་གི་སྡེབ་འཚོང་ལྟར་བརྩིས་ན། ལོ་རེའི་ཡོང་འབབ་སྒོར8000ཙམ་དུ་གྱུར་ཡོད་པ་རེད།
       འདི་ནི་ཁྲོ་ཆུ་རྫོང་གིས་ལུང་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་ཉམས་ཞིབ་བྱས་པའི་སྐྱེ་ཁམས་སྔོ་ཚལ་གྱི་འབྲས་རྟགས་སུ་གྱུར་ཡོད་པ་དང་། སྡོམ་རྩིས་བྱས་པ་ལྟར་ན། རྫོང་དེར་སྐྱེ་ཁམས་སྔོ་ཚལ་མུའུ་ཁྲི2.2དང་། སྟར་ག་མུའུ་ཁྲི2.65དང་། སྨན་རྩྭ་མུའུ་ཁྲི2བཏབ་ཡོད་པར་མ་ཟད། བོད་ཕག་ཁྲི13དང་།  བྱ་དེ་ཁྲི18དང་། སྦྲང་མ་ཁྲི2.5གསོ་ཡོད་པ་རེད།
       ཝུན་ཁྲོན་རྫོང་མེན་ཁྲི་གྲོང་རྡལ་གྱི་སན་ཀོན་མིའོ་སྡེ་བ་སིལ་སྡོང་སྣ་ཚོགས་ཀྱིས་ཡོངས་སུ་བསྐོར་ཡོད་པ་དང་། ཨར་འདམ་གྱི་ལམ་བུས་ལྡུམ་ར་ཆེན་པོ་འགའ་རུ་ཕྱེས་ཡོད་པར་མ་ཟད། ལྡུམ་རའི་ནང་དུ་པ་ལུམ་གྱི་སྡོང་བུ་དང་། སྟར་གའི་སྡོང་བུ་དང་། ཞུ་མཁན་གྱི་སྡོང་བུ་རྣམས་བཙུགས་ཡོད་པ་དང་། སིལ་སྡོང་དེ་དག་གི་འོག་ཏུ་ཚལ་དཀར་ཆུང་བ་དང་། གླང་རྔ་དང་། ཙོང་རིལ་སོགས་རྨོས་ཡོད་པ་རེད། གསར་འགོད་པས་ཤེས་པ་ལྟར་ན། སྡེ་བ་དེའི་མི་སེར་རྣམས་ཀྱིས་སིལ་ཏོག་འཚོང་བ་དང་། སྐྱེ་ཁམས་ཡུལ་སྐོར་གསར་སྤེལ་བྱེད་པ། སྔོ་ཚལ་འདེབས་པ་སོགས་ཀྱི་ཐབས་ཤེས་ལ་བརྟེན་ཏེ།  སྡེ་བ་ཧྲིལ་བོ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་དེ། དབུལ་ཞྭ་ཕུད།    
       “ན་ནིངས་སྲིད་གཞུང་གིས་ཡང་བསྐྱར་སྒོར་ཁྲི་གཅིག་ལྷག་གི་རོགས་དངུལ་ངེད་ཚང་ལ་སྤྲད་པས། ངེད་ཚང་གི་ཁང་མིག་བཞི་པོར་ཡང་ལས་བྱས་པ་དང་། ཁྱིམ་གྱི་བཅའ་བཀོད་དང་ཁོར་ཡུག་ལེགས་སུ་ཕྱིན་པས། འདིར་ཞག་སྡོད་བྱེད་པའི་ཡུལ་སྐོར་བ་སྔར་བས་ཇེ་མང་དུ་ཕྱིན་ཡོད།” ཅེས་ལིས་རྫོང་ཀུབ་རོ་མགོ་གྲོང་རྡལ་གྱི་ཁྱུ་ཏི་སྡེ་བའི་དབུལ་བོ་ཧོང་ཧྲུའུ་ཆིང་ངོ་འཛུམ་གྱིས་གང་བཞིན་གསར་འགོད་པར་ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བའི་གནས་ཚུལ་བཤད།
       ལིས་རྫོང་དུ་ཁྱུ་ཏི་སྡེ་བ་ལྟར་ཡུལ་སྐོར་ལས་རིགས་ཀྱི་ཟ་མ་ཟ་བཞིན་པའི་སྡེ་བ་ཇེ་མང་ནས་ཇེ་མང་རེད། རྫོང་དེས་དབུལ་སྐྱོར་གནད་ཁེལ་གྱི་ལས་དོན་དུ་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེར་བཏང་སྟེ། དབུལ་བོའི་ཁྱིམ་ཚང་མང་པོ“ཡུལ་སྐོར་གྱི་མགྱོག་འཁོར”དུ་བཞག་པས། ཁོ་ཚོ་ཕྱུག་འགྱུར་གྱི་ལམ་ཆེན་དུ་བསྐྱོད་པ་རེད།
       གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་མགྱོག་མྱུར་གྱིས་འཕེལ་རྒྱས་སུ་འགྲོ་བར་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་བྱས་པའི་གྲུབ་འབྲས་ཀྱི་རམ་འདེགས་ཆེན་པོ་ཡོད་དེ། ད་ལྟ། རང་ཁུལ་སྐྱེ་ཁམས་སྲུང་སྐྱོབ་དང་དབུལ་བྲལ་གནད་སྒྲོལ་གྱི་རྒྱལ་ཁ་མཉམ་དུ་ལེན་པའི་ལམ་དུ་བགྲོད་ཡོད་པ་དང་། ལྷག་པར་དུ་མཐོ་སྒང་ས་ཆའི་མང་ཚོགས་རྣམས་དབུལ་བྲལ་གནད་སྒྲོལ་དང་ཕྱུག་འགྱུར་གྱི་ལམ་དུ་ཁྲིད་པའི་སྐབས་སུ། སྐྱེ་ཁམས་ཀྱི་དར་ཆ་ལེགས་པར་ཕྱར་ནས། སྐྱེ་ཁམས་དབུལ་སྐྱོར་དང་ཐོན་ལས་དབུལ་སྐྱོར་གཉིས་ཟུང་དུ་འབྲེལ་བ་དང་། ཐབས་ལམ་སྣ་ཚོགས་ཀྱིས་མི་སེར་རྣམས་ཕྱུག་འགྱུར་དང་མི་སེར་རྣམས་ཀྱི་ཡོང་འབབ་ཇེ་མཐོར་འགྲོ་བར་འབད་དགོས་སོ། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1