སྟོད་ལུང་བདེ་ཆེན་ཆུས་གཡུ་ཐོག་ལུང་པའི་མཛེས་ལྗོངས་ཁུལ། (དཔྱད་གཞིའི་རི་མོ ) ཀྲའོ་ཡན་གྱིས་པར་བླངས།
གསར་འགོད་པས་བོད་ལྗོངས་གཞུང་ཕྱོགས་ནས་གནས་ཚུལ་ཤེས་རྟོགས་བྱས་པར་གཞིགས་ན། 2017ལོར་བོད་ལྗོངས་ཀྱིས་སྣོད་བཅུད་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་61.67( མི་དམངས་ཤོག་སྒོར། གཤམ་དུ་འདི་དང་མཚུངས)དོན་འཁྱོལ་ཡོང་བ་བྱས་ཏེ། སྐྱེ་ཁམས་དབུལ་སྒྲོལ་བྱེད་ཤུགས་ཆེ་རུ་བཏང་ཞིང་། 2016ལོ་ནས་བཟུང་སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་བརྒྱུད་དེ་སྣོད་བཅུད་སྲུང་སྐྱོང་སྲིད་ཇུས་རང་བཞིན་གྱི་ལས་གནས་ཁྲི་70མཁོ་འདོན་བྱས་ཏེ། ལོ་རེའི་མི་རེའི་ཆ་སྙོམས་ཀྱི་རོགས་དངུལ་སྒོར་3000ཡོད་པར་བཅུག་ནས་ཞིང་འབྲོག་མང་ཚོགས་ལ“སྣོད་བཅུད་ཀྱི་ཟ་མ”ཟ་ཐུབ་པར་བཅུག
སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་སྐབས་འདིར་སྐོང་འཚོག་བྱེད་བཞིན་ཡོད་ཅིང་། “ད་ཆར། བོད་ལྗོངས་ཀྱི་དཔལ་འབྱོར་དང་འགྲིམ་འགྲུལ་བྱ་གཞག་འཕེལ་རྒྱས་ཤུགས་ཆེར་བྱུང་བ་དང་། དུས་མཚུངས་སུ་འཚོ་བའི་གད་སྙིགས་དང་། འཛུགས་སྐྲུན་གད་སྙིགས་མང་པོ་ཞིག་ཀྱང་བྱུང་ཡོད་པས། ང་ཚོས་ཁོར་ཡུག་སྲུང་སྐྱོང་ཐད་ཤུགས་ཚད་ཇེ་ཆེར་བཏང་ནས་གྲོང་ཚོ་ཚང་མར་གད་སྙིགས་སྦས་ས་དང་། ཁྱིམ་ཚང་རེ་རེར་གད་སྙིགས་བླུགས་སྣོད་ཡོད་པར་བརྩོན་ལེན་བྱེད་དགོས”ཞེས་བོད་ལྗོངས་ཀྱི་སྲིད་གྲོས་ཨུ་ཡོན་དང་། ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་བསྟན་འཛིན་གྱིས་ཀྲུང་གོ་གསར་འགྱུར་དྲ་བའི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད།
2017ལོར་བོད་ལྗོངས་སུ་ཕན་འབྲས་ལྡན་པའི་ཞབས་འདེགས་ཞུ་བའི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དོན་གྱིས་རིམ་རྩིས་བྱས་ན་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་གིས་རྩིས་སྤྲད་པའི་ཡིག་སྐུར་ངོ་བཅར་ཐེངས་32དང་བསྡོམས་པའི་འཕྲིན་ཡིག་1022དང་ལེན་བྱས་པ་ཚང་མ་ཞིབ་གཅོད་བྱས་ཟིན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཧུར་ཐག་གིས་སྤེལ་ཏེ་ཚོད་ལྟའི་རྫོང་15ཡི་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དབྱེ་འབྱེད་ལེགས་གྲུབ་རགས་ཙམ་བྱུང་པ་དང་།རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ11གི་མིའི་རིགས་ཀྱི་བྱེད་སྒོའི་ས་ངོས་རྒྱང་ཚོར་ལྟ་ཞིབ་ཚད་ལེན་བྱས་འབྲས་ལ་ཞིབ་དཔྱད་བྱེད་པའི་ལས་དོན་ལེགས་འགྲུབ་བྱུང་ཞིང་། ལྷོ་ཁ་དང་། ཉིང་ཁྲི། གཞིས་རྩེ་རྣམས་རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་སྔོན་སྐྱོད་ཀྱི་དཔེ་སྟོན་ཁུལ་དུ་བཞག
ལྷ་སའི་ཕོ་བྲང་པོ་ཏ་ལ། (དཔྱད་གཞིའི་རི་མོ)ཧོ་ཕེང་ལེས་པར་བླངས།
གཞན་ཡང་། བོད་ལྗོངས་ཀྱིས《ལྗོངས་ཡོངས་ཀྱི་འཕྲུལ་སྒུལ་འཁོར་ལོའི་མཇུག་རླངས་སྦགས་བཙོག་ཆེད་དོན་བཅོས་སྐྱོང་ཇུས་གཞི》པར་འགྲེམས་བྱས་ཏེ། བོད་རང་སྐྱོང་ལྗོངས་འཕྲུལ་སྒུལ་འཁོར་ལོའི་མཇུག་རླངས་སྦགས་བཙོག་ཆེད་དོན་བཅོས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ནས། ཟླ་9པའི་ཟླ་མཇུག་བར་དུ། བསྡོམས་པས་རྟགས་སེར་རླངས་འཁོར་དང་རླངས་འཁོར་རྙིང་པ་4173ལྷག་དོར། བོད་ལྗོངས་ཀྱིས་ནུས་རྒྱུ་གསར་པའི་འགྲིམ་འགྲུལ་ཁྱབ་གདལ་དང་བཀོལ་སྤྱོད་བྱས་ནས་ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་ལ་སྔར་བས་སྐུལ་འདེད་བཏང་།།