ཆེས་མཐའ་མཇུག་གི་ཉིན་མོ།

སྒོ་ཡོན་གྱིས་བསྒྱུར། (དཀར་མཛེས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-01


        གལ་ཏེ་དེ་རིང་ནི་བདག་གི་ཚེ་སྲོག་ཁྲོད་ཀྱི་ཆེས་མཐའ་མཇུག་གི་ཉིན་མོ་ཡིན་ན། བདག་གིས་རིན་ཐང་བྲལ་བའི་མཇུག་མཐའི་ཉིན་མོ་འདི་ཉིད་ཇི་ལྟར་སྐྱེལ་དགོས་སམ། དེ་ཡང་ཐོག་མར་ཉིན་ཧྲིལ་བོའི་དུས་ཚོད་རྣམས་ཕྱོགས་བསྡུ་ལེགས་པོ་བྱས་ཏེ། སྐར་ཆ་རེ་རེ་དང་སྐར་ཆུང་རེ་རེ་ཡང་རང་དགར་འཛད་མི་རུང་བའི་ངེས་ཤེས་ཟབ་མོ་རྙེད། དེ་བཞིན། སེམས་པ་མི་བདེ་བའི་ཁ་སང་གི་བྱས་ཉེས་ཀྱི་སླད་དུ་ཤུགས་རིང་འབྱིན་དོན་ཡང་མེད་དེ། འདས་ཟིན་པའི་རྐྱེན་ངན་ཚོས་འཚེང་ངེས་པ་ལས། དེ་རིང་ཉིན་མོའི་མདུན་ལམ་ནང་ལའང་དེ་དག་གསབ་དགོས་དོན་ལར་ནས་མེད།
དངོས་གནས་བཤད་ན། བཞུད་ཚར་བའི་དུས་སྐབས་དག་སླར་ཡང་ཚེས་སྲིད་དམ། ཉི་མ་སེར་བོ་ནུབ་ཕྱོགས་ནས་འཕགས་ཏེ་ཤར་ཕྱོགས་སུ་ཡིབ་སྲིད་དམ། སྔར་བསྒྲུབས་པའི་ནོར་འཆུག་མཐའ་དག་ད་ལྟ་ནོར་བཅོས་དང་དག་སེལ་བྱ་ཐུབ་བམ། ཁ་སང་གི་རྨ་ཁ་ཟབ་པོ་དེ་རིང་ཡང་དག་པར་སོར་ཆུད་ནུས་སམ། བདག་ནི་སྔོན་མ་ལས་ཀྱང་ལོ་ན་ཇེ་གཞོན་དུ་འགྱུར་ཐབས་ཡོད་དམ། འདི་ལྟར། སྨྲ་སྒོར་བུད་ཚར་བའི་སྐད་ཆ་བཙོག་པའི་རིགས། ཤུགས་ཀྱིས་གཞུས་ཤོར་བའི་ཁུ་ཚུར་གྱི་རྡུང་རྡེག་སོགས། ཁ་སང་གི་དུས་སུ་སྡུག་བསྔལ་བར་བཟོས་པ་ཐམས་ཅད་སླར་མི་བཀོན་པར་འགྱུར་རམ། དེ་ནི་དཔེ་མི་སྲིད། འདས་ཟིན་པའི་བྱ་སྤྱོད་ཐམས་ཅད་ནི་གཏན་དུ་རྫོགས་ཚར་བས། བདག་གིས་དེ་དག་བསྐྱར་དུ་དྲན་དགོས་དོན་མི་འདུག
        གལ་ཏེ་དེ་རིང་ནི་བདག་གི་ཚེ་སྲོག་ཁྲོད་ཀྱི་ཆེས་མཐའ་མཇུག་གི་ཉིན་མོ་ཡིན་ན། བདག་གིས་ཡང་སྙིང་ག་རེ་བྱེད་ན་འགྲིག ཁ་སང་གི་འཚོ་བ་ནི་ཡོངས་སུ་བརྗེད་རྗེས། སང་ཉིན་ལའང་གླེན་འདང་མི་གཏོང་སྟེ། སང་ཉིན་བདག་ལ་གྲངས་སུ་འདྲེན་རྒྱུ་མེད་པས། ཅིའི་ཕྱིར། གྲངས་སུ་མི་གནས་པའི་སྟོང་བའི་སླད་དུ་དེ་རིང་གི་ནུས་སྟོབས་ཆུད་ཟོས་གཏང་དགོས་པ་རེད། འདི་བཞིན་སང་ཉིན་གྱི་ཡར་མར་སྣ་ཚོགས་བསམས་པས། དེ་རིང་གི་དུས་སྐབས་ཀྱང་དོན་མེད་ངང་ཡལ་གྱིན་འདུག
དེ་རིང་ཞོགས་པར་རེ་བས་བོས་པའི་ཁྲི་གདུགས་ཉི་མ་ཡང་བསྐྱར་མཁའ་ལ་འཕགས་ཏེ། ད་ལྟ་མདུན་རིའི་རྩེ་མོར་ཡོངས་སུ་ཤར་འདུག དེ་བས། དེ་རིང་གི་བགྲོད་ལམ་སྟེང་དུ་སང་ཉིན་གྱི་ལས་དོན་བསྒྲུབ་ནུས་སམ། སང་ཉིན་གསོག་པའི་གསེར་གྱི་དོང་ཙེ་དེ་རིང་གི་སྒོར་ཁུག་ནང་བླུག་ཐུབ་བམ། སང་ཉིན་སྨིན་ཐག་ཆོད་པའི་སིལ་ཏོག་དེ་རིང་སར་ལྷུང་སྲིད་དམ། སང་ཉིན་གྱི་འཆི་བདག་གིས་དེ་རིང་གི་དགའ་སྤྲོའི་སྣང་བ་གྲིབ་གཟུགས་སུ་གཡོལ་ཐབས་ཡོད་དམ། ཡང་ན། འདི་དག་ཐམས་ཅད་ནི་རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་འབའ་ཞིག་སྟེ། སང་ཉིན་དང་སང་ཉིན་འདྲ་བ་དག་གིས་རང་ཉིད་སྔ་ས་ནས་དུར་འཇུག་བྱེད་ཀྱི་འདུག་པས། ད་ནི་དེ་རྣམས་བསྐྱར་དུ་དྲན་པར་མི་བྱའོ། །
        དེ་རིང་ནི་བདག་གི་ཚེ་སྲོག་ཁྲོད་ཀྱི་ཆེས་མཐའ་མཇུག་གི་ཉིན་མོ་ཡིན་པས། བདག་ལ་མཚོན་ན་འདི་ནི་དངོས་ཡོད་འཚོ་བའི་ནང་བེད་སྤྱོད་ཡོངས་སུ་ཐོབ་པའི་ཉིན་མོ་གཅིག་པུ་ཡང་ཡིན། བདག་ནི་སྲོག་ཁྲིམས་བཅད་པའི་བཙོན་མ་ཞིག་བཙོན་གྲོལ་བཏང་བ་དང་འདྲ་བར། བདེ་སྐྱིད་ཀྱི་མཆི་མ་དང་བཅས་ཏེ་གསར་དུ་ཐོན་པའི་ཉི་འོད་ལ་དམ་པོར་འཁྱུད་དེ། ལག་ཟུང་ཐལ་མོའི་སྒོ་ནས་རིན་ཐང་གཞལ་དུ་མེད་པའི་དེ་རིང་གི་ཉིན་མོར་བཀའ་དྲིན་ཞུ།
བདག་གི་དྲན་པའི་ངོས་སུ་ཁ་སང་རང་དང་མཉམ་དུ་ཉི་འོད་ཀྱི་དྲོད་ཁོལ་བཙལ་མྱོང་བའི་གྲོགས་པོ་རྣམས་འཁོར་ཞིང་། ཁོ་ཚོ་དེ་རིང་གི་སྐབས་འདིར་གཏན་དུ་གནས་མེད་པ་ཚོར་ན། རང་ཉིད་ཁ་སང་གི་སྲོག་ཉེན་ལས་ཐར་བ་ཤེས་པས། གནམ་སྔོན་མོའི་དྲིན་ལན་སླར་ཡང་རག དེར་བརྟེན། བདག་ནི་བསོད་ནམས་རབ་ཏུ་ལྡན་པའི་མི་ཞིག་སྟེ། དེ་རིང་གི་དུས་སྐབས་ཐོབ་པ་ནི་དགའ་རྟགས་ལྷག་མོ་ཡིན་པ་མ་ཟད། ཉེ་འཁོར་གྱི་སྟོབས་ལྡན་གང་མང་རང་ལས་སྔ་རོལ་ཏུ་ཕྱིན་ཀྱང་། རང་ལ་ད་དུང་དེ་རིང་གི་ཉིན་མོ་ལྷག་མ་འདི་ཉིད་སྤྱོད་དབང་ཡོད་དོན་ཅི། བདག་གིས་སྟོབས་ལྡན་དེ་དག་ལས་ཀྱང་འཕགས་པའི་བྱས་རྗེས་རླབས་པོ་ཆེ་ག་རེ་བཞག་ཡོད། ཡང་ན། རང་ཉིད་སྔར་བཞིན་མདུན་ཕྱོགས་ཀྱི་གཞུང་ལམ་ནང་བརྒལ་འགྲོ་ཆོག་གི་ཡོད།
        གལ་ཏེ་དངོས་གནས་དེ་ལྟ་ཞིག་ཡིན་ཚེ། འདི་ནི་ལེགས་འགྲུབ་དང་རྒྱལ་ཁའི་གོ་སྐབས་ཐེངས་གཅིག་མ་རེད་དམ། འདི་ནི་དགེ་བའི་ཚོགས་རྫོགས་པའི་བསོད་ནམས་དང་རླུང་རྟ་དར་བའི་སྐལ་བ་མ་རེད་དམ། དེ་ལྟ་ན། འཇིག་རྟེན་གྱི་དཀོན་མཆོག་གིས་ཤེས་རབ་ཁྱད་པར་བ་བདག་ལ་གནང་སྟེ། གཞན་གྱི་སྔོན་ལ་བརྒལ་བའི་གོ་སྐབས་ཡག་པོ་ཤིག་དེ་རིང་དངོས་སུ་སྤྲད་པ་མ་རེད་དམ། གང་ལྟར། དེ་རིང་ནི་བདག་གི་ཚེ་སྲོག་ཁྲོད་ཀྱི་ཆེས་མཐའ་མཇུག་གི་ཉིན་མོ་ཡིན་ནོ།།
ཚེ་སྲོག་ནི་ཐེངས་གཅིག་ཁོ་ནར་ཡོད་ལ། མ་གཞི་མི་ཚེ་ཡང་དུས་ཚོད་བསོགས་ནས་འོང་བ་ཡིན་ཕྱིར། དེ་རིང་གི་དུས་སྐབས་ཀྱང་རང་དགར་ཆུད་ཟོས་ཀྱིས་མི་ཚེའི་མཐའ་མཇུག་གི་ཤོག་ལྷེ་གཅིག་པོ་འཕྲོ་བརླག་གཏན་ནས་བྱ་མི་རུང་། དེ་བས། བདག་གིས་དེ་རིང་གི་སྐར་ཆ་རེ་རེ་ཡང་གཅེས་སྤྲས་དང་དམ་འཛིན་བགྱི་དགོས་ཏེ། རྒྱུ་མཚན། འདི་དག་རེ་རེ་སྔོན་ལ་རྫོགས་རྗེས་གཏན་དུ་ཕྱིར་བསློག་པ་མེད་ལ། འདི་དག་རེ་རེ་དེ་རིང་དངུལ་ཁང་ནང་བཅོལ་ཏེ། སང་ཉིན་སླར་ཡང་ཕྱིར་བླངས་ནས་བཀོལ་བའི་བྱ་ཐབས་ཡེ་ནས་ཟད། ཡང་གཅིག་བཤད་ན། དུས་ཚོད་ནི་བསིལ་བསིལ་གྱི་རླུང་བུ་ཞིག་དང་ཀུན་ནས་མཚུངས་པར། བར་མཚམས་མེད་པར་མདུན་ཕྱོགས་སུ་རྒྱུག་བཞིན་མཆིས་པས། བདག་གིས་སྐར་ཆ་རེ་རེ་ལག་ཟུང་དྲོན་མོས་དམ་པོར་བསྐྱོར་ནས་བརྩེ་བའི་བྱམས་སྐྱོང་སྤྱད་འོས་ཏེ། འདི་དག་ནི་བླ་མེད་ཀྱི་གཅེས་ནོར་ཡིན་པས་སོ།།
        ཅི་སྟེ། ཚེ་གང་གི་རྒྱུ་ནོར་གྱིས་ཀྱང་འཆི་ལ་ཉེ་བའི་མི་ཞིག་གི་དབུགས་རྒྱུན་སྐད་ཅིག་ཙམ་གསོ་མི་ཐུབ་ཅིང་། ཕྱོགས་གང་ནས་ཀྱང་དུས་ཚོད་ཀྱི་རིན་ཐང་གྲངས་ཀྱིས་གཞལ་བའི་ནུས་པ་ཡོངས་སུ་དབེན་པས། སྐར་ཆ་འདི་དག་ནི་རིན་ཐང་ཟླ་མེད་ཀྱི་ནོམ་པ་སྟེ། དེ་རིང་ནི་བདག་གི་ཚེ་སྲོག་ཁྲོད་ཀྱི་ཆེས་མཐའ་མཇུག་གི་ཉིན་མོ་ཡིན།
        ད་ལྟ་བདག་ནི་དུས་ཚོད་ཆུད་ཟོས་བཏང་བའི་སྔར་གྱི་སྤྱོད་ཚུལ་དེ་ཚོར་ཡི་ག་གཏིང་ནས་ལོག་པ་མ་ཟད། 9གོམས་གཤིས་ཁྲོད་ཀྱི་མ་རུངས་པའི་རིགས་རྣམས་འཕྲོ་ཅན་དང་། གཡོ་ཟོལ་གྱི་ཚུལ་དག་བདེན་དྲང་གི་ཀློང་དུ་བག་ལ་ཞ་བཅུག་ནས། རང་རྟོན་གྱི་བློ་སྤོབས་ཆེན་པོས་འཇིགས་སྣང་དང་བག་འཁུམས་ཐམས་ཅད་མཐར་བསྐྲད། དེ་ལྟར། ད་ལྟ་ནས་གཞན་གྱི་འཆལ་གཏམ་སྣ་ཚོགས་ལ་མི་མཉན་ཞིང་། ངལ་རྩོལ་གྱི་འཚོ་བར་མི་དགའ་བ་དང་ཀུན་སྤྱོད་འཆོལ་ཉོག་ཏུ་སྐྱོང་བའི་རིགས་ལ་འབྲེལ་འདྲིས་བྱེད་མཚམས་ཀྱང་ཡོངས་སུ་འཇོག ད་ནི་རང་ཉིད་གཞི་ནས་སད་རན་སོང་། གང་ཞིག་འཚོ་སྡོད་ལེ་ལོའི་དབང་དུ་ཤོར་ནས། རང་ལ་མཛའ་བརྩེ་རབ་ཏུ་ཉེ་བའི་མི་རྣམས་ཀྱི་ལག་ནས་ཟས་གོས་གཡོ་ལེན་གྱི་སྦྱོར་བ་སྤངས་ཏེ། བདག་ནི་ཆོམ་རྐུན་མ་ཡིན་པས། བདག་ལ་བརྩེ་བའི་སེམས་པ་ཡོད་ཅིང་། དེའི་སྟབས་ཀྱིས། དེ་རིང་ནི་བདག་གི་ཆེས་མཐའ་མཇུག་གི་གོ་སྐབས་ཡིན་པས། གོ་སྐབས་ལེགས་པོའི་གླགས་དང་བསྟུན་ནས། རང་གི་བླ་མེད་ཀྱི་བརྩེ་སེམས་དང་རླབས་ཆེན་གྱི་མི་ལུས་ལ་བདེན་དཔང་གསལ་བོ་བཟོ།
        དེ་རིང་ནི་བདག་གི་ཚེ་སྲོག་ཁྲོད་ཀྱི་ཆེས་མཐའ་མཇུག་གི་ཉིན་མོ་ཡིན་པས། དེ་རིང་བསྒྲུབ་པའི་དོན་དག་ཐམས་ཅད་དེ་རིང་རྫོགས་པར་འགྲུབ་དགོས། དེའི་ཕྱིར། ད་དུང་ནར་མ་སོན་པའི་རང་གི་བུ་ཕྲུག་ཚོར་སྔར་བས་ལྷག་པའི་གཅེས་སྐྱོང་བྱས་ཏེ། སང་ཉིན་ནས་ཁོ་ཚོ་བདག་དང་ལྷན་དུ་མི་གནས་ལ། བདག་ཀྱང་སྙིང་ཉེ་བའི་བུ་ཕྲུག་ཚོ་དང་གཏན་དུ་ཁ་བྲལ་དགོས་པ་རེད། དེ་བཞིན། ཡིད་དུ་འོང་བའི་རང་གི་ཆུང་མར་བརྩེ་གདུང་ཟབ་མོས་དམ་དུ་འཁྱུད་ནས། ཁོ་མོའི་འཇམ་མཉེན་གྱི་མཆུ་སྒྲོས་སྟེང་ལ་ནམ་ཡང་བརྗེད་མི་ཐུབ་པའི་འོ་ཞིམ་པོ་ཞིག་སྦྱར་བར་བྱས་ཏེ། སང་ཉིན་ནས་ཁོ་མོ་བདག་དང་འགྲོག་པའི་བགྲོད་ལམ་མེད་ལ། བདག་གིས་ཀྱང་ཁོ་མོ་བསྐྱུར་ནས་མི་འགྲོ་ཀ་མེད་ཡིན།
        དེ་རིང་བདག་གིས་དཀའ་ངལ་འཕྲད་ཀྱིན་པའི་བློས་ཐུབ་གྲོགས་པོར་རང་ནུས་ཀྱིས་རོགས་རམ་ཞུས་ཏེ། སང་ཉིན་ནས་ཁོང་ལ་སླར་ཡང་སྐྱོར་མ་བྱ་མི་བཏུབ་ཅིང་། གྲོགས་ཀྱི་རེ་བའི་འབོད་པའང་བདག་གིས་ཐོས་མི་སྲིད། ད་དུང་བདག་ནི་དགའ་སྤྲོ་ལྡན་པའི་མཆོད་སྦྱིན་ལའང་དེ་རིང་ཞུགས་ཏེ། སང་ཉིན་མཆོད་སྦྱིན་བགྱི་བའི་ཐབས་ཀྱིས་དབུལ་ལ། མོས་འདུན་བྱེད་མི་གཞན་ཡང་ཡོད་པ་མ་རེད།
        དེ་རིང་ནི་བདག་གི་ཚེ་སྲོག་ཁྲོད་ཀྱི་ཆེས་མཐའ་མཇུག་གི་ཉིན་མོ་ཡིན། གལ་ཏེ་འདི་ཉིད་བདག་གི་དུས་མཇུག་ཡིན་ཚེ། འདི་ནི་འགྱུར་བ་མེད་པའི་དྲན་གསོའི་དུས་ཚེས་ཏེ། བདག་གིས་ཉིན་མོ་འདི་ཉིད་ཆེས་མཛེས་སྡུག་ལྡན་པ་ཞིག་ཏུ་བལྟ་ཞིང་། བདུད་རྩི་ལྟ་བུའི་སྐར་ཆའི་ཐིགས་པ་རེ་རེ་ཁམ་བུ་རེ་རེ་དང་བཅས་ཏེ་ལོངས་སུ་སྤྱོད་བཞིན། ལུས་སེམས་དྲོད་སྣང་གི་དྲིན་གྱིས་ཁེངས་ནས། སྐར་ཆ་རེ་རེའི་སྐབས་ཀྱང་རིན་ཐང་བླ་མེད་ལྡན་པ་ལས་གཡོལ་དུ་མི་འཇུག་ཁར། ནུས་ཤུགས་ལྡབ་འགྱུར་གྱི་སྒོ་ནས་ཤ་སྐམ་རུས་ཟད་དུ་མ་གྱུར་བར། དཔའ་སྤོབས་ཆེན་པོས་བརྩོན་པའི་ཆུ་རྒྱུན་མུ་རུ་བསྐྱང་། འདི་ལྟར། ཁ་སང་གི་དུས་ཚོད་རེ་རེ་བས་དེ་རིང་གི་སྐར་ཆ་རེ་རེའི་སྤྱོད་སྒོ་བཟང་བར་འཇུག་པ་སྟེ། མདོར་ན། གསེར་གྱི་རྔ་མར་དངུལ་དང་། དངུལ་གྱི་རྗེས་སུ་པ་ཏྲས་བརྒྱན་པ་ལྟར། ཆེས་མཐའ་མཇུག་ཀྱང་ཆེས་ཕུལ་བྱུང་གི་ངང་ནས་བསྐྱལ་རྒྱུ་དེའོ།།
        དེ་རིང་ནི་བདག་གི་ཚེ་སྲོག་ཁྲོད་ཀྱི་ཆེས་མཐའ་མཇུག་གི་ཉིན་མོ་ཡིན། གལ་ཏེ་འདི་འདྲ་ཞིག་དངོས་གནས་མ་ཡིན་ཚེ། བདག་གིས་གནམ་གྱི་མདུན་དུ་པུས་མོ་ས་ལ་བཙུགས་ཏེ། ད་དུང་རིན་ཐང་གཞལ་མེད་ཀྱི་དུས་ཚོད་ཕྲན་ཙམ་གནང་བར་བཀའ་དྲིན་ཟབ་མོ་སྙིང་ནས་ཞུ་ངེས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1