སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོའི་གྲ་སྒྲིག་གྲོས་ཚོགས་སྐོང་ཚོགས་བྱས་པ།
རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོ་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 03-04
སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོས་སྤྱི་ཚེས་4ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོར་གྲ་སྒྲིག་གྲོས་ཚོགས་སྐོང་ཚོགས་བྱས་ཡོད། གྲོས་ཚོགས་ཐོག་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཆེ་བདམས་ཐོན་བྱུང་བ་དང་། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོའི་གྲོས་རིམ་ལ་གྲོས་འཆམ་བྱུང་ཡོད། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་གྲོས་ཚོགས་གཙོ་སྐྱོང་གནང་ཡོད།
སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁྱོན་2980ཡོད་པ་རེད། སྤྱི་ཟླ་༣པའི་ཚེས་༣ཉིན་བར་སླེབས་སྐབས། ཚོགས་ཆེན་གྱི་དྲུང་ཆེ་ཁྲུར་འབྱོར་ཐོ་འགོད་མཁན་འཐུས་མི་2976ཡོད་པ་རེད། སྤྱི་ཚེས་4ཉིན་གྱི་གྲ་སྒྲིག་གྲོས་ཚོགས་ལ་ཞུགས་མཁན་མི་2951ཡོད་པ་དང་། མི་29འབྱོར་མེད། ཚོགས་འདུར་ཞུགས་མཁན་མི་གྲངས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་གྱི་ཡོད་པ་རེད།
ཀྲང་ཏེ་ཅང་གིས་གྲོས་ཚོགས་གཙོ་སྐྱོང་གནང་སྐབས། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུ་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོ་སྤྱི་ཟླ་3པའི་ཚེས་5ཉིན་སྐོང་ཚོགས་བྱ་རྒྱུ་ཡིན་པ་དང་། ཚོགས་ཆེན་གྱི་གྲ་སྒྲིག་ལས་དོན་ཁག་ཚང་མ་ལེགས་གྲུབ་ཟིན་ཡོད་པའི་ཁྱབ་བསྒྲགས་གནང་ཡོད་པ་རེད།
རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྒྲིག་འཛུགས་བཅའ་ཁྲིམས་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་བྱ་དོན་གྲོས་ཞིབ་རྩ་དོན་ལ་གཞིགས་ན། ཀྲུའུ་ཞི་ཚོགས་པས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་གཙོ་སྐྱོང་གནང་དགོས་ཀྱི་ཡོད།
གྲ་སྒྲིག་གྲོས་ཚོགས་ཐོག་འདམས་ཐོན་བྱུང་བའི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ནང་ཕྱོགས་ཁག་གི་འཐུས་མི་ཁྱོན་190ཡོད་པ་དང་། དེའི་ཁྲོད་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་། ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན། དམངས་གཙོ་ཏང་ཤོག་ཁག་ཀྲུང་དབྱང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ཚོགས་པའི་འགན་འཁུར་བ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པའི་འགོ་ཁྲིད་ལས་བྱེད་པ། མི་དམངས་ཚོགས་པ་ཁག་གི་འགན་འཁུར་བ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཁག་དང་། ཤང་ཀང་དམིགས་གསལ་སྲིད་འཛིན་ཁུལ། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་འགན་འཁུར་བ། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་ཨའོ་མན་དམིགས་གསལ་སྲིད་འཛིན་ཁུལ། ཁེ་ལས། ཚན་རྩལ། སྤྱི་ཚོགས་ཚན་རིག སློབ་གསོ། རིག་རྩལ། འཕྲོད་བསྟེན། ལུས་རྩལ། ཕྱིར་སྡོད་སྤུན་ཟླའི་ལས་རིགས། ཆོས་ལུགས་ལས་རིགས་བཅས་ཀྱི་འཐུས་མི་དང་དེ་བཞིན་བཟོ་པ་དང་ཞིང་པ། བཅིངས་འགྲོལ་དམག དྲག་ཆས་ཉེན་རྟོག གཞི་རིམ་གྱི་འཐུས་མི། མི་འབོར་ས་ཡ་གཅིག་ཡན་གྱི་གྲངས་ཉུང་མི་རིགས་ཀྱི་འཐུས་མི་སོགས་ཡོད་པ་རེད། ཝང་ཁྲེན་ཚོགས་ཆེན་གྱི་དྲུང་ཆེར་བདམས་ཡོད།
གྲ་སྒྲིག་གྲོས་ཚོགས་ཐོག་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོའི་གྲོས་རིམ་ཁག་བཅུ་ལ་གྲོས་འཆམ་བྱུང་ཡོད་པ་རེད།།