ངའི་ཕ་ཡུལ་ནི། ཞིང་འབྲོག་གཉིས་ལས་ཞིང་བའི་ཁོངས་སུ་གཏོགས་ཤིང་།
ཕ་ཡུལ་གྱི་མིང་ལ་་དཀར་ཟེར། ཐེམ་གྲངས་བཞི་བཅུ་ལས་མི་བརྒལ།
འབའ་གཞུང་གི་ཁྱིམ་གྲངས་ཉུང་བའི་ཁྲོད་ཀྱི་རྒན་པ་མང་བའི་སྡེ་བ་ཞིག་ཡིན།
སྡེ་བའི་རྒན་རྒོན་དག་གིས་རིག་གསར་གྱི་ཆར་རླུང་དང་ཙག་སེར་སོགས་ལུས་སུ་གྱོན་ཏེ།
ད་ལྟ་དགུང་ལོ་བརྒྱད་ཅུར་སོན་ཡོད་ཀྱང་།
མིག་གིས་མཐོང་ན་རྣ་བས་མི་གོ་ཞིང་།
རྣ་བས་གོ་ན་མིག་གིས་མི་རིག
ཟས་ཀྱི་དྲི་ཞིམ་མི་ཚོར་ལ།
གོས་ཀྱི་བཟང་ངན་ཡང་མི་ཤེས།
ལག་ཏུ་ལག་རྟེན་རེ་ཐོགས་ཏེ་གཞན་ངོ་མི་ཟིན་པའི་ཚུལ་དུ་ཡོད།
ཁོ་ཚོས། སྐྱབས་འགྲོ་དང་སྒྲོལ་མ། མ་ཎི། གདུགས་ཐུང་སོགས་བློར་འདོན་ཤེས་ཤིང་།
གནའ་གཏམ་དང་བཏགས་པ། གླུ་དང་གབ་ཚིག གཏམ་དཔེ་སོགས་ལ་མོས་པར་མ་ཟད།
སོས་དལ་བག་ཕེབས་ངང་མི་སྡོད་པར། ཁྱིམ་གྱི་ལས་ཀ་ཙག་ཙིག་ལས་པར་སྤྲོ་ཞིང་།
ཟོག་རྫི་ལ་འགྲོ་བར་མོས་པའི་མི་སྐོར་ཞིག་ཡིན།
གཞན། ཁོ་ཚོས་སྡེ་བའི་བྱིས་པ་དག་གི་དཔེ་ཁུག་གི་ཁ་འབྱེད་མ་མྱོང་ཞིང་།
སློབ་ཆེན་པ་དང་ཞིབ་འཇུག་པ། འབུམ་རམས་པ་སོགས་ཀྱི་མིང་དོན་ཡང་གོ་མི་སྲིད།
དགེ་རྒན་མ་གཏོགས་ལས་བྱེད་གཞན་གྱི་བྱ་བའི་ཐོབ་ཐང་མི་ཤེས། ཚུལ་འདིས།
ངས་ཁོ་ཚོ་ནི་དྭངས་གཙང་གི་ནོར་རྫས་སྐོར་ཞིག་ཡིན་ཟེར་དོན་དང་།
གནའ་སྔ་མོའི་དུས་ཀྱི་འགྱུར་ཁུགས་སྐོར་ཞིག་ཁོ་ཚོའི་ཕྱིར་དུ་སྐག་མེད་པ་ཚོར།
ཁ་ལག་བཀྲུ་དུས་འདག་རྫས་ཀྱི་ཡོ་བྱད་གང་ཡང་སྤྱོད་པར་མི་མོས་ཤིང་།
གྲོང་ཁྱེར་དུ་སོང་ཡང་ལམ་གྱི་ཚད་གཞི་དང་། སྤྱོད་ཁང་མི་རྙེད་པ།
སྐད་རིགས་གཞན་བག་ཙམ་མ་གཏོགས་པ་བཤད་མི་ཤེས།
ཚུལ་འདིས། ངས་ཁོ་ཚོ་ནི།
མི་རིགས་རིག་པའི་ཞིབ་འཇུག་གི་དཔྱད་གཞིའི་གལ་ཆེན་ཡིན་པའང་ཞོར་དུ་རྟོགས།
ངའི་གོམ་འགྲོས་ལ་ཁ་ཏ་ཡང་ཡང་བཏང་མྱོང་བའི།
ངའི་རྨི་ལམ་ལ་བསླབ་བྱ་ཡང་ཡང་གནང་མྱོང་བའི།
ངའི་བཞུད་ལམ་ལ་སེམས་ཚེགས་ཡང་ཡང་བྱས་མྱོང་བའི།
ངའི་མ་འོངས་པ་ལ་མར་མེ་བསྒྲོན་མྱོང་བའི་ཁོ་ཚོ་ནི།
དུས་ད་ལྟ། ལ་ཁའི་ཉི་མ། ངའི་སེམས་ཀྱི་སྡུག་བསྔལ་ཡིན།
ད་ནི། ཕ་ཡུལ་གྱི་རི་ལུང་ཐམས་ཅད་སྨུག་པས་གཡོགས་ཤིང་།
ང་དང་ཡུལ་མི་ཚོའི་སེམས་ཁོང་དུའང་གྲང་ཤུར་ཤུར་གྱི་རླུང་བུ་ཞིག་ལྡང་མགོ་བསླངས།
གྲང་ཤུར་ཤུར་གྱི་རླུང་དེ་དང་བསྡོངས་འཁྱག་སིབ་སིབ་ཀྱི་ཁ་བ་ཞིག་ཀྱང་བབས།
སྐྱོ་ཉམས་ཀྱིས་བབས་པའི་ཁ་བ་ཡུལ་སྡེ་འདིའི་རི་ལུང་ཀུན་དང་།
ཡུལ་མི་ཚོའི་སེམས་ཁོང་དུ་གྲང་ཤུར་ཤུར་གྱིས་བབས་བྱུང་།
ཁ་བའི་ཁྲོད་ང་ཡི་མེས་པོ་ལམ་ལ་ཆས་ཀྱིན་འདུག
ཁ་བའི་ཁྲོད་ཡུལ་མི་ཚོས་སྐྱེལ་མ་བྱེད་ཀྱིན་འདུག
དྲོད་ལ་འཇམ་པའི་ཉི་འོད་ཅིག ག་ལེར་ག་ལེར་ནུབ་ཀྱིན་པའི་སྐབས་དང་སྐབས་སུ།
ང་ཉི་ནུབ་ཀྱི་བར་མཚམས་སུ་འགྲེང་སྟེ།
མགྲིན་པ་བརྣངས་ཞོར་མཐའ་མཇུག་གི་སེམས་གསོ་འདི་ལྟར།
"ཡོང་གིན་ཡོང་གིན་འགྲོ་གིན་འགྲོ་གིན་འདུག
དོན་དུ་ཡོང་མི་ཚང་མ་འགྲོ་མི་རེད། །
འཁོར་བ་འདི་ལ་རྟག་པ་གཅིག་ཀྱང་མེད། །
རྟག་པ་མེད་པར་བདེན་པ་སུ་ལ་ཡོད། །
རྟག་པ་བརྟན་པ་མེད་པའི་མི་ཚེ་འདི། །
ལ་མགོའི་ཁ་ཡི་ཁྲི་གདུགས་ཉི་མ་འདྲ། །
"《ཁ་ཆེ་ཕ་ལུ》ལས་དྲངས།