A ཚོར་བ།
ལོ་ཏོག་གི་འཇམ་མཉེན་ཁོ་ནས།
གནས་འདིའི་ལོ་རྒྱུས་བརྗོད་དགོས་པ་འདྲ།
ཉི་འོད་ནི་རྒན་པོའི་ངོ་གདོང་ལས་དམར་ལྷམ་མེར།
ཆར་སིམ་སིམ་ཞིག་བབས་པའི་རྗེས།
ཁྲག་དམར་དང་མཉམ་དུ་ལྷུང་བའི་ངུ་སྐད་ཅིག་གིས།
གནས་འདིའི་ཡོད་ཚད་འཇམ་ཐིང་ངེར་བཏང་།
B ཆུ་བོ།
ཨམ་ཅོག་ནང་ཐོས་འོང་བ་ནི་སྔར་བཞིན་ཆུ་བོའི་བཞུར་སྒྲ་རེད།
རྟ་ཕོ་གཅིག་གཙང་པོ་བརྒལ་ནས་ཕ་རོལ་དུ་སོང་བའི་རྗེས།
ཟླ་འོད་ཁོ་ནས་གནས་འདིའི་མཚན་མོ་སྲུང་ནས་བསྡད།
ལོ་ཟླ་བཞུད་ཤུལ་གྱི་གཉེར་རིས་དང་དེ་དག་གི་སེམས་བསྐྱེད།
རྒོད་པོའ་གཤོག་འོག་ནས་ཉི་འོད་བཞིན་ལམ་ལམ་འཚེར།
ཤོད་རྒྱུན་ནི་བྲག་?་སྐམ་པོ་ཞིག་དང་འདྲ་བར།
ཆུ་བོའི་ངོགས་སུ་འགྱེལ་མ་ལངས་སུ་གནས།
ཕར་ཕྱོགས་སུ་ཀི་རིང་ཞིག་གྲགས་ཡོང་བ་དེ།
དྲི་བ་ཞིག་དང་འདྲ་བར།
བདག་གི་རྣ་ཅོག་གི་བུ་ག་བརྟོལ་ནས་རྒྱང་དུ་ཕྱིན།
ཆུ་བོའི་ནང་དུ་རེ་ཞིག་མངོན་ལ་རེ་ཞིག་མི་མངོན་པ་ནི།
གཏམ་རྒྱུད་འཁྱོག་པོར་བཏང་བའི་མཁར་གྱི་སྒྲིབ་གཟུགས་འབའ་ཞིག
C ས་སྲོས།
གང་དུ་བལྟས་ནའང་།
ཚེར་མའི་ངོ་གདོང་གིས་གཙེས་པའི་ཐང་སྟོང་ཆེན་པོ་དེའི་མཐའ་ནི་མི་མངོན།
མཁར་ཤུལ་ཡོད་ས་ན་སྐད་ཆ་ཁོ་ན་ལུས།
དེ་དག་ནི་སྐྱི་བསེར་རླུང་གི་ཁྲོད་ན་གཡོ་བའི།
ལྷན་པས་བཏུམས་པའི་འཇག་མ་རྐང་ཆག་གཅིག་དང་འདྲ།
འདི་ན་མེས་པོ་དང་གདན་རབས་ཡོད་ཟེར།
ངས་མིག་ཟུང་ཕྱེད་ཀ་བཀབ་ནས་ཡར་འཚོལ་མར་འཚོལ་བྱས།
ལག་པས་སྦར་སྙོབ་བྱེད་དུས།
ཀེང་རུས་ལས་མཛེས་པའི་སྲིད་པའི་གངས་རི་ཁོ་ན་ལག་ཏུ་ཐེབས།
སྨྱོན་པ་ཞིག་གིས་གར་གླུ་ལེན་བཞིན་ཡར་ལ་བསྐྱོད།
མི་ཚང་མས། ཁོ་ནི་འབྲེང་ཐག་ཅིག་སྟེ།
གཏམ་རྒྱུད་ཀྱི་སྣེ་མོ་གཉིས་དམ་དུ་བཏགས་ཟེར།
དེས་ན་ང་། དེས་ན་ང……
D མི་སྨྲ་བ།
ཡོད་ཚད་ཁུ་སིམ་མེར།
མཁའ་རླུང་ལ་ཡང་དབུགས་ཀྱི་རྒྱུ་བས་དབེན།
རི་ཆུ་གཉིས་ཀྱིས་མི་སྨྲ་བའི་བརྟུལ་ཞུགས་འཛིན།
ཁ་གྲགས་མཁན་དེ། ལོག་ཟིན་པས།
སླར་འོང་བའི་རེ་བ་མ་བྱེད།
ལོ་རྒྱུས་ནི་ས་གཞིའི་དབྱིངས་ལ་དལ་ཅག་གེར……
2016ལོའི་ཟླ11ཚེས10ཉིན་གྱི་ཞོགས་པར་རྩེད་ཐང་དུ་བྲིས། དེ་ཉིན་ཡར་འབྲོག་ཏུ་བཅོས།