བདག་གི་སྦྲ་གུར་འདབས་ན་ཆུ་ཕྲན་ཞིག་ཡོད།
ང་རང་རྒྱུན་དུ་ཆུ་ཕྲན་འགྲམ་དུ་བསྡད།
ཤང་ཤང་གླུ་སྐད་དང་ཆུ་ཡི་ཟེགས་མ།
བདག་གི་བརྩེ་གཞས། སེམས་ཀྱི་ཟློས་གར།
དེ་རིང་། ཆུ་ཕྲན་འགྲམ་དུ་མེ་ཏོག་ཅིག་བཞད་འདུག
འདབ་གཤོག་དམར་པོས་རླུང་གི་རེག་བྱ་ཁུར།
ངོ་གདོང་གཏད་ནས་འདར་ཙམ་འདར་ཙམ།
གཞུང་རྟ་མཉེན་མོ་འདམ་གྱི་མངལ་ལ་ཐོགས།
ཟེའུ་འབྲུའི་ཚོམ་བུ། ཞལ་གྱི་འཛུམ་བག
ངོ་གདོང་གཏད་ནས་དགོད་ཙམ་དགོད་ཙམ།
སེམས་ཀྱི་གསང་བ་ཕྱི་ལ་མངོན་པ་བཙན་གྱིས་བཀག
ཆུ་ཕྲན་ཆུང་ཆུང་གི་ཀྱ་ཀྱུའི་བཞུར་འགྲོས་སུ།
སེམས་ཀྱི་གསང་བ་ཡོད་ཚད་ཤོར།
ཤང་ཤང་གླུ་སྐད་ཀྱིས་རེ་བའི་ལན་དུ་བྱས།
ཁེར་རྐྱང་གི་སེམས་པ་འདི་ཡིས་ཚིམས།
དེ་རིང་མེ་ཏོག་ཅིག་གི་འཛུམ་ཞལ་མངོན་པ།
འདབ་མའི་མཛེས་སྡུག་བདག་ལ་གཏད།
ཟེའུ་འབྲུའི་འཛུམ་བག་བདག་ལ་ཕྱེ།
ཀྱེ་མ། ད་ནི་རུ་སྤོར་བའི་དུས་ལ་སླེབས་ཡོད་ཨང་།
2017.2.1
མེ་ཏོག་དེ། ཁྱོད་ཀྱི་མཛེས་སྡུག་ཡིན་ནམ།
ས་རུབ་ཁར།
ང་འཆམ་འཆམ་དུ་འགྲོ་བར་གོམས་ཡོད།
དེ་ནི་དྲན་གདུང་གི་གཤིས་ཀའི་མངོན་རྟགས་ཤིག
ས་རུབ་ཁ་འདིར།
གཡང་དཀར་རི་རྩེ་ནས་ཕྱོགས་ཏེ་ལྷས་ལ་བབས།
འབྲི་མོའི་ངུར་སྒྲའང་ལྷས་སུ་འཐེན།
ཉི་མའི་འཛུམ་ཞལ་སྤྲིན་ཕུང་དང་།
ནུབ་རིའི་ཕག་ཏུ་ཡིབ།
མཚམས་སྤྲིན་ཁོ་ནས་དམར་མདངས་ཀྱི་ལང་ཚོ།
ང་ལ་བསྟན་བྱུང་།
གོ་ཐོས་སུ། མཚམས་སྤྲིན་ནི་ནམ་མཁའི་མེ་ཏོག་ཡིན་ཟེར།
མེ་ཏོག་དེ་ཁྱོད་ཀྱི་མཛེས་སྡུག་ཡིན་ནམ།
ས་རུབ་ཐེངས་རེར།
ང་ཁྱེད་ཀྱི་མཚར་སྡུག་གི་གཟི་འོད་ཁྲོད་གཉིད་འདོད།