ལམ་ལ་ཞུགས་པ།
ཉི་འོད་ལམ་ལམ་གྱིས་ཞོགས་པ་ལྗང་གུ་གྱོན་རྗེས།
འདོད་པའི་བ་གླང་ཨམ་ཕྲག་ཏུ་བཅུག་ནས་ཐོན་ཡོད།
ཡུལ་གྱར་བ་ང་།
བདུད་རླུང་གིས་ཕར་འདེད་ཚུར་འདེད་བྱེད་ཀྱིན།
ས་ཁྲའི་ངོས་ཀྱི་ནག་རོག་རོག་ཡི་གེ་ནད་པར།
སྐད་ཆ་འཆད་ཀྱིན། གོག་ནུར་བྱེད་ཀྱིན།
འབྲི་ཆུའི་ས་ཚིགས་བརྒྱུད་ནས་ཆས་ཡོད།
ལམ་དེ་གང་དུ་བསྒྲིལ་ཡོད་དམ།
ཕྱིན་ཕྱིན་པའི་མཐར། འཁོར་ལམ་གཅིག་ལས་མེད་པ་འདྲ།
རྒྱང་གཟིགས་དང་རྒྱང་མཇལ་གྱི་ཀློང་དུ།
ཁྲ་ཆུང་མིག་གིས་འཚོས་པའི་གནས་ལམ་མི་འདུག་གོ
འབྲི་ཆུའི་ཚུ་རོལ།
འབྲི་ཆུའི་ཚུ་རོལ་གྱི་གྲམ་པའི་གསེབ་ན།
གྲོང་ཚོ་ཆུང་ཆུང་ཞིག་འདུག
གྲོང་ཚོ་ཆུང་ཆུང་དེའི་ནང་རོལ་ན།
རྒྱ་སྐད་ཧུར་ཐག་གིས་སྨྲ་བའི་བྱིས་པ་ཞིག་འདུག
བྱིས་པ་དེའི་མིང་ལ་ཁ་བ་ལྷག་པ་ཟེར།
གྲོང་ཚོར་དེར་ཆུ་ལོག་བྱུང་བའི་རྐྱེན་གྱིས།
གྲམ་པའི་སྟེང་གི་བྱེ་སེར་ངོ་གདོང་ལ་ཟུག་པ་འདྲ།
ཁག་རང་མི་འདུག ཁ་གདངས་ནས་སྐད་ཆ་བཤད་ཐུབ་པ་ཁོ་ནས།
ང་སྐྱིད་ཀྱང་སྐྱིད།
འབྲི་ཆུའི་ཕ་རོལ།
ཡུལ་ཤུལ་གྱི་སྒལ་གཞུང་ནས་ཁ་ཕྱིར་འཁོར་ཏེ།
སི་ཁྲོན་གྱི་?ག་ལམ་གཤགས་དུས།
ལག་ཟུང་ཨམ་ཕྲག་ཏུ་བཅུག་པའི་རི་དྭགས་མཐོང་རྒྱུ་མི་འདུག
ལ་མོ་རེ་རེ་སེམས་ཀྱིས་བརྒལ་ཡོང་དུས།
ད་གཟོད་སྡེ་དགེ་རྫོགས་ཆེན་དུ་འབྱོར་སོང་།
རླངས་འཁོར་གྱི་སྒེའུ་ཁུང་ནས།
མགོ་བོ་ཕྱིར་བསྲིངས་ཏེ་ཡུལ་ལྗོངས་ལ་རྒྱང་ལྟ་བྱེད་དུས།
གློ་བུར་ཕ་ཡུལ་ནས་ཨ་མས་ཁ་པར་བཏང་བྱུང་།
ཝ་ཡེ། གང་དུ་འབྱོར་སོང་ངམ། ལམ་བདེ་མོ་ཨེ་འདུག
སང་ཉིན་ལོ་གསར་ཚེས་གཅིག་ཡིན་པས།
ཨ་མས་བུ་ཁྱོད་ཧ་ཅང་གིས་དྲན།
རྣམ་ཀུན་ཡིན་ན་བུ་ཁྱོད་ངའི་གམ་དུ་སླེབས་ཟིན་པ་རེད།
ད་ལོ་ཁྱོད་ལས་དོན་གྱི་རྐྱེན་པས་མ་བུ་མཉམ་འཛོམས་བྱུང་མེད།
འོན་ཀྱང་ང་བློ་ཕམ་དེ་ཙམ་མ་བྱུང་།
ངས་ཁྱོད་དང་བོད་ཀྱི་སློབ་གསོར་གསོལ་བ་སྨོན་ལམ་བཏབ་ཆོག
ཁྱོད་ཀྱིས་བདམས་པའི་ལམ་བུར།
བྱས་འབྲས་ཅུང་ཙམ་ཐོན་སོང་ན།
མ་རྒན་མོའི་རེ་བ་ཡང་གྲུབ་སོང་།
ཁྱོད་རང་གཞན་ཕན་ལྷག་བསམ་གྱི་ཆེད་དུ་འཚོ་དགོས་པས།
མ་འོངས་འབྲས་ལྡན་གྱི་དུས་སུ།
ཕུགས་བསམ་ནམ་མཁའ་ལས་ཆེ་བ་དེ་ཁྱེར་ནས་ལོག་ཤོག)
ཁ་པར་གྱི་བརྡ་རྟགས་ཆད་སོང་།
གྲང་ཤུར་ཤུར་གྱི་དགུན་གཞུང་དེར།
རྒྱང་རིང་གི་ཨ་མའི་བཞིན་རས་མིག་འབྲས་ཀློང་དུ་ཐོགས་བྱུང་ངོ་།།
ལམ་གྱི་ཁ་བ།
ཁ་བ། ཁ་བ། ཁ་བ། ཁ་བ།
ལྷ་ཡི་ཁ་བ། མི་ཡི་ཁ་བ། ?་ཡི་ཁ་བ། ས་ཡི་ཁ་བ།
མེས་པོའི་སྐྲ་ལོ་ལས་དཀར་བའི་ཁ་བ།
ཐོར་ཞིང་ཟགས་ཤིང་ལྷབ་ལྷུབ་ཏུ་བབས་བྱུང་།
ཁ་བ་འདི་ལྟར་དྲག་ཤུགས་ཀྱིས་མ་བབས་ན།
ས་གཞིར་གཡོ་འགུལ་མེད་པ་འདྲ།
གནམ་རྒན་མ། ཁ་བ་བབས་པས་ཡག་བྱུང་།
རི་ཀླུང་ཀུན་ཏུ་ཁ་བའི་མེ་ཏོག་འཐོར་དུས།
ད་ནི་དྲན་མི་འདོད་པའི་ཡུལ་ལྗོངས་དག་མིག་ལ་འཁོར་འཁོར་བྱས་བྱུང་།
མ་ཎི་གད་འགོ
མ་ཎི་གད་འགོར་སླེབས་དུས།
བོད་ཆས་ཀྱི་སྒེག་ཉམས་གཞི་ནས་མངོན་བྱུང་།
རི་ཟུར་གྱི་དགོན་སྡེ་ནས་རི་གཤམ་གྱི་གྲོང་ཚོ་བར།
སློག་པར་སྐེ་རགས་བཅིངས་ཤིང་།
བོད་ཡིག་གི་སློབ་གྲྭ་ཞིག་ཀྱང་མཐོང་རྒྱུ་འདུག
མཐོང་བའི་མོད་ལ།
དབྱངས་གསལ་གྱི་སྐད་སྒྲས་བར་སྣང་བཀང་དུས།
སེམས་ཁམས་འདི་དགའ་སྣང་གིས་བརྟས།
ཁ་བ་དང་འདྲ་བའི་མ་ཎི་གད་འགོ
མ་ཎི་གད་འགོ་དང་འདྲ་བའི་ཁ་བ།
ཅི་འདྲའི་བདེ་ཆེན་གྱི་ཞིང་ཁམས་ཤིག་རེད་ཨང་།
ཡིད་ལྷུང་ལྷ་མཚོ།
ཡིད་ལྷུང་ལྷ་མོ་ལགས། བཞུགས་ཡོད་དམ།
དབུས་པའི་འཁྱམས་པོ་ད་ལྟ་ཁྱེད་ཀྱི་འགྲམ་དུ་ཐོན་ཡོད།
མཚོ་མོར་དར་གྱིས་བསྡམས་ཀྱང་།
དོ་ནུབ་ང་། ཁྱེད་ཀྱི་འགྲམ་དུ་འགྲེང་ཡོད།
མཐོང་ཨེ་བྱུང་། ལྷ་མོ་ལགས།
ཁྱེད་རང་གངས་རིའི་གཏིང་རུམ་ནས་མཆེད་པའི་ཁྲག་རྒྱུན་དེ་ཡིན་ན།
ནག་ཐིགས་དང་ཁྲག་ཐིགས་འདྲ་བའི་དུས་ཚིགས་འདི་རུ།
ལག་པས་བརྫིས་པའི་ལ་ལུང་བརྒལ་ནས།
ཅི་ཡང་མེད་པའི་དྲན་རྟོག་གི་ངོགས་སུ།
གུས་ཕྱག་ཡིད་ཚིམས་པ་ཞིག་འཚལ་ཏེ།
ང་དགུན་ཁ་ནང་བཞིན་གྱི་ཕ་ཡུལ་དུ་ལོག་དགོས་བྱུང་།
2017ལོའི་ལོ་གསར་ཚེས་གཅིག་ཉིན་སྡེ་དགེའི་མགྲོན་ཁང་ཞིག་ཏུ་གྲུབ།