ཞོགས་པ་རེ་རེར།
ངས་སྒོ་དང་སྒེའུ་ཁུང་ཕྱེ་ནས།
ཉི་ཟེར་གྱི་ཟེར་མས་བཀྱགས་པའི་ནམ་མཁའ་ངོས་སུ།
ཚག་ཚག་འཚིག་པའི་རང་ཉིད་ཀྱི་རྨི་ལམ་བྲིས།
རྨི་ལམ་གྱི་གཤོག་པའི་ངོས་སུ།
བཀྲེས་སྐོམ་གྱིས་མནར་བའི་བྱ་རྒོད་ཀྱི་མིག་ཟུང་བྲིས།
ཞོགས་པ་རེ་རེར།
ངས་སེམས་ཀྱི་སྐར་ཁུང་ཕྱེ་སྟེ།
དྲན་གདུང་གི་འོ་མཚོ་བྲུག་པའི་མཚོ་མོའི་ངོས་སུ།
ཚེར་མའི་ཡལ་ག་ལྟར་གཟེང་བའི་ཁྱོད་ཀྱི་རྒྱབ་གཟུགས་བྲིས།
རྒྱབ་གཟུགས་ཀྱི་གྲང་འཁྱག་ངོས་སུ།
ཚེ་རབས་དུ་མར་གཅོད་མ་ཐུབ་པའི་ལན་ཆགས་ཀྱི་ལས་འཕྲོ་བྲིས།
ཞོགས་པ་རེ་རེར།
ངས་ལོ་ན་ཆུང་བའི་རང་ཉིད་དྲན།
ལོ་ན་ཆུང་བའི་རྨི་ལམ་དང་རེ་སྙེག་དྲན།
ཞོགས་པ་རེ་རེར།
ངས་སྒྲོ་གཤོག་རླུང་ལ་གཟད་པའི་བྱ་རྒོད་དྲན།
བྱ་རྒོད་ཀྱི་བཀྲེས་སྐོམ་དང་ཁེར་རྐྱང་དྲན།
ཞོགས་པ་རེ་རེར།
ངས་དྲན་གདུང་ཞེས་པའི་ཤོག་ལྷེ་སྟོང་པ་འདིའི་ངོས་སུ།
ཁེར་རྐྱང་གིས་བཏེགས་པའི་ལོ་དང་ཟླ་བ་བྲིས་ན་བསམས།
ཞོགས་པ་རེ་རེར།
ངས་རྒྱང་བཞུད་ཅེས་པའི་གཟུགས་དང་གྲིབ་མ་འདིའི་ངོས་སུ།
འཁྱག་རེངས་སུ་གྱུར་པའི་རྨི་ལམ་གྱི་འདབ་གཤོག་བྲིས་ནས་བསམས།
བཅུ་པའི་ལྔ་མཆོད།
མཆོད་མེ་གྲངས་མེད་ཀྱིས།
མུན་པ་གང་ཞིག་སེལ་གྱིན་ཡོད་དམ།
ཡུལ་དང་ཡིད་ཀྱི་སོ་མཚམས་སུ།
མུན་པ་མཁར་རྫོང་བཞིན་བརྟན་ནམ།
ཉོན་མོངས་དྲུད་པའི་རྐང་རྗེས་དག་གིས།
ལྷ་ཁང་ཡང་འབགས་བཙོག་བཟོས་པ་བདེན་ནམ།
གསོལ་འདེབས་ཁ་ཐོག་ལྕེ་ཐོག་ཏུ་ལེན་བསམ་དུས།
དབྱངས་གསལ་ལ་སྒྲ་མི་འདུག
ཁ་རོག་གེར་ཁོག་ཏུ་ཡང་ཡང་བཟློས་པ་འདིར།
བྱིན་རླབས་ཡོད་དམ། དགེ་བས་དྲོའམ།
བཤད་འདོད་པ་དག
དུས་ཆེན་ཐོན་རེག་ཏུ་སྒུག་མ་ཐུབ་པར་ཉེས་པ་ཡོད་དམ།
ཅིས་ཀྱང་བཤད་དགོས་པ་དག
དེ་རིང་མ་བཤད་ན་ཆོག་གམ།
སེར་འབྲས་དགེ་གསུམ་དྲན་པ་དེ།
ལྔ་མཆོད་རོལ་བར་གཏོགས་སམ།
དྲན་གདུང་ལ་སྡུག་བསྔལ་འཛིངས་པའི་མ་ཡུམ་ཞིག་དྲན་ཚུལ།
དེ་རིང་བརྗོད་ན་ཉེས་སམ།
བདག་གི་གྱ་ཚོམ་འདི་གཅོད་རོགས།