དང་པོ། བ་མེན་ནམ་བྱ་སྲེག་པའི་རྟོགས་བརྗོད།
གནས་མཆོག་ཝཱ་རཱ་ཎ་སཱིར་མི་བདག་ཚངས་སྤྱོད་སྐུ་ཡི་དུས། །
ཡུལ་ཁམས་བདེ་ལ་ཆོས་ཀྱི་འབྱོར་བ་ཕུན་ཚོགས་གཏམས་པ་དང་། །
འབྱོར་ཕྱུག་ལྡན་ཞིང་གཞོན་པས་རྒན་པར་བཀུར་གུས་ལས་ལ་བརྩོན། །
རྒྱལ་པོ་གང་དེས་རང་གི་བསོད་ནམས་མཐུ་འོ་སྙམ་ནས་ཁེངས་དྲེགས་སྐྱེས། །
དྲང་སྲོང་མངོན་ཤེས་ཅན་གྱིས་འདི་ནི་མི་དབང་མཐུ་མིན་ཞིང་། །
གྲོང་མཐའི་ནགས་ཀྱི་ཚལ་ན་སྲོག་ཆགས་མཐུན་པ་སྤུན་བཞི་ཡིས། །
བྱ་སྲེག་དང་ནི་རི་བོང་སྤྲེའུ་གླང་ཆེན་བཅས་དེ་དག་གིས། །
ནྱ་གྲོ་དྷའི་སྡོང་པོ་འདབ་མ་ཧྲུལ་པོར་མཚོན་བྱས་ཏེ། །
རྒན་གཞོན་གོ་རིམ་ཤེས་ནས་རིམ་བཞིན་གཞོན་པས་རྒན་བཀུར་བའི། །
སྤྱོད་ལམ་ལེགས་པར་བསྐྱངས་པའི་བསོད་ནམས་ཡིན་ཞེས་ཐོས་པ་ན། །
རྒྱལ་པོ་འཁོར་བཅས་བལྟ་རུ་ཕྱིན་པས་ཇི་བཞིན་མཐོང་སོང་བས། །
མཆོག་ཏུ་དད་ཅིང་རྒན་རིམ་ཞེ་ས་བཀུར་བསྟིའི་ལས་ལ་བརྩོན། །
གཉིས། པད་མ་ཅན་གྱི་རྟོགས་བརྗོད།
སྔོན་ཚེ་ཁྱིམ་བདག་ཡིད་ཅེས་བྱ་བར་བུ་ནི་པད་མོ་ཅན། །
ཆུ་སྐྱེས་མདངས་ལྡན་ཞི་ཞིང་དུལ་ལ་དམ་པའི་ཡོན་ཏན་དགའ། །
བསྐྱེད་བསྲིངས་བྱུང་ཚེ་ལང་ཚོ་དར་ཡང་ཆགས་བྲལ་དགེ་ལ་ཞུགས། །
དགེ་སློང་ཉེ་སྡེའི་དྲུང་དུ་རབ་བྱུང་འདུལ་བའི་ལས་ལ་བརྩོན། །
ནམ་ཞིག་བཅོམ་བརླག་གྲོང་དུ་བསོད་སྙོམས་ཕྱིན་པའི་དུས་ཀྱི་ཚེ། །
འགྲོ་ལམ་མ་ཤེས་སྨད་ཚོང་བུ་མོ་ཟླ་བའི་རི་མོ་ཡི། །
ཁྱམས་སུ་བཞུགས་པས་བུད་མེད་དེ་ཉིད་ཡིད་ཀྱི་དབང་པོ་འཕྲོག །
ཆགས་པས་གདུངས་པས་དགེ་སློང་ཉིད་དང་ལྷན་དུ་འགྲོག་པར་འདོད། །
ཟུར་མིག་གཡོས་ཤིང་མྱོས་བུམ་བསྟན་པས་མི་སེམས་བསླུ་པར་བྱས། །
སེམས་པ་མ་འཁྲུག་བསོད་སྙོམས་འབྲས་མེད་སྙམ་ནས་ཕྱིར་ལོག་པས། །
སྨད་ཚོང་གཏུམ་མོ་འོད་ལྡན་ཞེས་པས་སྔགས་རྫས་འཁྲུལ་འཁོར་གྱིས། །
འགུགས་པས་ཟླ་བའི་རི་མོ་ལྷན་དུ་འགྲོག་པར་བཙན་གྱིས་བསྐུལ། །
དེ་བཞིན་མི་བྱེད་མེ་དཔུང་དམར་པོའི་ནང་དུ་མཆོངས་ཤིག་ཅེས། །
ཚུལ་ཁྲིམས་སྲུང་ཆེད་ཐེ་ཚོམ་སྤུ་ཙམ་མེད་པར་མཆོང་བར་བརྩམས། །
གསུམ། ནག་པ་གླང་པོའི་བརྟན་གྱི་རྟོགས་བརྗོད།
ས་སྐྱོང་གཟུགས་ཅན་སྙིང་པོའི་སྡེ་སྐྱོང་ཞེས་པར་ནག་པ་ཞེས། །
བུ་ཞིག་མཆིས་པ་འདོད་ཡོན་ཆེ་ཡང་ཆགས་བྲལ་རབ་ཏུ་བྱུང་། །
ཆུང་མ་གཟུགས་མཛེས་ལང་ཚོ་དར་ལ་ལོངས་སྤྱོད་ལྡན་མོད་ཀྱང་། །
ཁྱོ་ག་རབ་ཏུ་བྱུང་བས་ཡུན་རིང་བསམ་པ་འཁྲུག་པར་གྱུར། །
རྗེས་སུ་ནམ་ཞིག་ནག་པ་རང་གི་ཁྱིམ་ལ་ལོག་པའི་ཚེ། །
ཆུང་མས་དེ་ཡིས་མཆོད་པ་བཟང་པོའི་མགྲོན་གྱིས་མཉེས་པར་དང་། །
མཛའ་བའི་གཏམ་དང་འཇམ་པའི་ཚིག་གིས་ནག་པོའི་བློ་བྲིད་ཅིང་། །
ཁྱོད་ཉིད་མེད་པས་སྒོ་ཁྱིས་སྡང་ལ་གཡོག་རྣམས་བརྙས་ཆེ་ཞེས། །
སྨྲས་པས་ཁྲོས་ནས་ཉོན་མོངས་ཀྱིས་མནར་ཆོས་གོས་ལྷུང་བཟེད་དོར། །
ལག་ཏུ་རལ་གྲི་ཐོགས་ནས་འཁོར་རྣམས་གསོད་དུ་ཆས་པར་བརྩམས། །
སྔོན་གྱི་དུས་སུ་ཝཱ་རཱ་ཎ་སཱིའི་རྒྱལ་པོ་ཚངས་སྦྱིན་ལ། །
འཕྲོག་བྱེད་ཅེས་པའི་བློན་པོ་འཕྲོག་བྱེད་བུ་དང་འཕྲོག་བྱེད་རྩེ། །
ཞེས་པའི་སྲས་གཉིས་རིག་པ་འདུལ་བ་མཁས་ཤིང་དགྲ་བཅོམ་ཐོབ། །
འཕྲོག་བྱེད་རྩེ་དེས་ས་སྐྱོང་གཞན་དུ་ཕེབས་པའི་སྐབས་བསྟུན་ནས། །
སྲས་མོ་མཛེས་སྡུག་ལང་ཚོ་དར་བབ་ཅན་དང་ལུས་འབྲེལ་བྱས། །
མི་ཡི་བདག་པོས་མཐོང་བས་ཁྲོས་ཏེ་ཆད་པ་གཅོད་པའི་ཚེ། །
ནམ་མཁར་བྲོས་པར་བརྩམས་ཀྱང་བརྟུལ་ཞུགས་ཉམས་ནས་འགྲོ་མ་ཐུབ། །
འཕྲོག་བྱེད་བུ་དེས་རང་གི་ནུ་བོ་སྡུག་ལས་དགྲོལ་བར་བྱེད། །
བཞི། ཆོས་སྲིད་ཀྱི་རྟོགས་བརྗོད།
མཐའ་ཡས་རྒྱ་མཚོར་རིན་ཆེན་ལེན་པར་གཟིངས་སུ་བསྐྱོད་པ་ན། །
དེད་དཔོན་རྣ་བ་འཛིན་པས་མི་མང་གཟིངས་ལྗིད་འཐོར་ཉེན་ཆེ། །
རྦ་རླབས་རླུང་སོགས་འཇིགས་པ་སྣ་ཚོགས་འཕྲད་རྒྱུ་ཡོད་ཅེས་སྨྲས། །
ཐེ་ཚོམ་མེད་པ་མ་གཏོགས་ཡིད་གཉིས་ཅན་རྣམས་ཕྱི་རུ་ལོག །
ལྷག་མའི་དོན་མཐུན་དེ་དག་རིན་ཆེན་བླངས་ནས་ལོག་པའི་ཚེ། །
འཇིགས་སུ་རུང་བའི་ཆུ་སྲིན་ཆེན་པོ་ཉ་མིད་ཅན་དང་ཕྲད། །
ཤིན་ཏུ་སྐྲག་པས་ཆོ་ངེ་འདོན་ཞོར་ཇི་ལྟར་བྱ་ཞེས་དྲིས། །
ཐབས་གཞན་མེད་པས་སངས་རྒྱས་སྐྱབས་སུ་སོང་ན་ལེགས་ཞེས་སྨྲས། །
བཅོམ་ལྡན་འདས་ལ་གསོལ་བ་བཏབ་པས་འཇིགས་པ་ཀུན་དང་བྲལ། །
ཆུ་སྲིན་ཉ་མིད་ཅན་ནི་སངས་རྒྱས་འོད་སྲུང་སྐུ་ཡི་དུས། །
སྲོག་ཆགས་རབ་ཏུ་མང་པོ་ཟོས་པས་མ་ཚིམས་ཚེའི་དུས་བྱས། །
རུས་ཕུང་རི་ལྟར་གྱུར་ཅིང་རྣམ་ཤེས་སོ་སྨན་བུ་རུ་གྱུར། །
མངལ་ན་ཡོད་ཚེ་ཤིན་ཏུ་བཀྲེས་པས་ཟས་ཀྱིས་མི་འགྲང་ཞིང་། །
སྐྱེས་ནས་བུད་མེད་བརྒྱ་ཡི་འོ་མས་གསོས་ཀྱང་མི་ངོམས་པ། །
ཆེར་ལོངས་ཟས་རིགས་དཔག་ཏུ་མེད་པ་སྤྱད་ཀྱང་མི་ཚིམ་ཞིང་། །
རབ་བྱུང་བསྙེན་བཀུར་རང་སྐལ་མི་ཚད་དགེ་སློང་གཞན་སྐལ་སྤྱད། །
ཁྱིམ་བདག་འཇིགས་ནས་རང་ཡང་ཟ་ཉེན་དོགས་ནས་བྲོས་པ་དང་། །
སངས་རྒྱས་དྲུང་དུ་ཕྱིན་ནས་གང་དེའི་ལོ་རྒྱུས་ཞུས་པས་ན། །
དགྲ་བཅོམ་ཆོས་སྲིད་ཡིན་ཚུལ་ངོ་མཚར་རྣམ་ཐར་སྣ་ཚོགས་གསུངས། །
ལྔ། ནོར་ཅན་གྱི་རྟོགས་བརྗོད།
སྔོན་ཚེ་ཁྱིམ་བདག་ཡོན་ཏན་ལྡན་ཞིང་དཔལ་འབྱོར་རྒྱས་པ་བྱུང་། །
བུ་ནི་གཏོང་ཕོད་ཆེ་ལ་མནའ་མ་བདེ་ལྡན་མ་ཞིག་ཡོད། །
རིན་ཆེན་དང་ནི་ཞལ་ཟས་སྣ་ཚོགས་ཡོ་བྱད་ཕུན་ཚོགས་བཤམས། །
སངས་རྒྱས་འཁོར་བཅས་ཁྱིམ་དུ་བསྙེན་བཀུར་ཞུས་པའི་རྣམ་སྨིན་ལ། །
ནོར་ཅན་འབྱོར་བ་ཕུན་སུམ་ཚོགས་པ་ཐོབ་པའི་རྒྱུ་ཞུས་པར། །
སྔོན་ཚེ་ཝཱ་རཱ་ཎ་སཱིར་ཕྲེང་རྒྱུད་པད་མ་ཅན་ཞེས་དང་། །
ཆུང་མ་བུ་དང་མནའ་མ་བཅས་བཞི་ཤིན་ཏུ་དབུལ་ཕོངས་ཤིང་། །
ཁྱིམ་མི་བཞི་པོས་གོས་གཅིག་རེས་མོས་བྱས་ནས་གྱོན་དགོས་མོད། །
གཅེར་བུར་འགྲོ་དགོས་བྱུང་ཡང་རྒྱལ་པོར་ཉིན་ལྟར་མེ་ཏོག་འབུལ། །
ནམ་ཞིག་གྱོན་གོས་གཅིག་པོ་སངས་རྒྱས་འཕུལ་བའི་བསོད་ནམས་མཐུས། །
ད་ལྟ་འབྱོར་ཕྱུག་ལྡན་པའི་རྣམ་སྨིན་བཟང་པོ་དེ་ཡི་ལན། །
དགེ་རྩ་རང་སེམས་ཡོད་པས་རྩྭ་རྩེའི་ཟིལ་པའང་མཆོད་པར་འགྱུར། །