ཧལ་ཧལ་དབུགས་སྒྲ་གནོན་ཐབས་དབེན་པ་ཡང་ཡང་རྔུབ་གཏོང་བགྱིས་དང་ལྷན། །
ལྡིང་ལྡིང་སྙིང་གི་རྔ་བོ་གྲགས་ཏེ་རྐང་པས་ལ་རྩེ་མི་བརྒལ་བར། །
མཐོ་མཐོ་གམ་པ་ལ་མོའི་སྒལ་པར་ཁོད་སྙོམས་ལམ་ཆེན་བསྐྲུན་པའི་ཐོག །
འབོལ་འབོལ་རླངས་འཁོར་རྐུབ་སྟེགས་སྟེང་དུ་ལྷོད་དུ་བསྡད་ནས་ཆས་པ་སྐྱིད། །
ཡོར་ཡོར་རི་ལོག་སྟར་དུ་ཆགས་པའི་དབུས་གཙང་བར་གྱི་བློན་པོ་ཆེ། །
འཇམ་འཇམ་སྤང་དང་རྫ་རི་འདྲེས་པའི་ལ་མོའི་དབུ་རྩེར་སླེབས་པའི་ཚེ། །
དཀར་དཀར་ཆུ་འཛིན་ནམ་མཁར་འཁྲིགས་པ་རང་གི་སྐེ་ལ་འཁྲིལ་བ་བཞིན། །
གསལ་གསལ་མིག་གི་རྒྱང་ལྟ་དེས་ནི་སེམས་ཉིད་བག་ཡངས་གནས་སུ་ཁྲིད། །
རིལ་རིལ་མིག་ཟུང་ཕྱོགས་བཞི་ཐམས་ཅད་ས་འཛིན་བརྗིད་པར་བལྟས་པའི་ཚེ། །
སྔར་སྔར་སྔར་ནས་ཐོས་འཛིན་བུ་གར་གམ་པ་ལ་མོ་གཙོ་བྱས་པའི། །
འབུར་འབུར་རང་རོང་རི་ལ་རི་རྒྱུད་དྲན་བྱུང་ཞེས་པས་དཔེ་ལྟར་དུ། །
དུང་དུང་དྲིན་ཅན་ཕ་མས་གཙོ་བྱས་གཉེན་རྒྱུད་དྲན་དོན་དམངས་གཞས་དྲན། །
ཀྱོག་ཀྱོག་ལུང་ཤུར་འགྲིམས་པའི་ལམ་བུ་ལྕགས་སྦྲུལ་ས་ལ་རྒྱུ་བ་བཞིན། །
ཆེ་ཆེ་དཔལ་སྡེ་སྟོང་ཆེན་བཅོ་བརྒྱད་ལམ་ཐག་ཇི་ལྟར་རིང་བ་དེས། །
ཡང་ཡང་གཞལ་ཡང་མུ་མཐའ་མི་རྙེད་ས་མིང་མཚོ་ལ་ཐོགས་པ་ཡི། །
སྔོ་སྔོ་ཡར་འབྲོག་གཡུ་མཚོ་དེ་ནི་ཨ་སྔོན་ས་ལ་ལྷུང་བ་བཞིན། །
རྫིག་རྫིག་སྡིག་རའི་གཟུགས་སུ་གྲུབ་པའི་མཚོ་དེ་བསྐལ་བརྒྱར་གནས་པའི་ཕྱིར། །
གང་གང་རྩྭ་དང་རྩི་ཤིང་གོས་བཀླུབས་འགྱུར་མེད་སྲ་བརྟན་གླིང་ཕྲན་རྣམས། །
རང་རང་ཕྱོགས་དེར་བརྗིད་པར་གནས་པའི་ངོ་མཚར་ཉམས་འགྱུར་སྟོང་ལྡན་གྱི། །
རྒོད་རྒོད་བྱེད་པོས་བསྐྲུན་པ་མིན་གྱི་རང་བྱུང་ལྷུན་གྲུབ་མཁར་རྫོང་བཞིན། །
རིང་རིང་གཏིང་མཐའ་དཔོག་པར་དཀའ་བ་གཡུ་མཚོའི་རུམ་དུ་ཞུགས་པ་ཡི། །
ཆེ་ཆེ་མཚོ་གླང་མཚོ་རྟ་ལ་སོགས་བདེ་བར་གནས་པའི་རྟགས་མཚན་དང་། །
ཆུང་ཆུང་ཉ་མོ་བགྲང་བས་མི་ཟིན་གཤོག་རྩལ་འགྱུར་བ་དེས་རྟོགས་ཤིང་། །
ཡང་ཡང་འཕྱུར་བའི་མཚོ་རླབས་སྒྲ་དེ་དུས་བདེ་ཡིན་པའི་རོལ་མོར་རྟོགས། །
མཚོ་ངོགས་དཔྱིད་དཔལ་བཞད་པའི་ངོས་སུ་མ་བསྡུས་རང་མོས་འཛོམས་པ་ཡི། །
བྱ་དང་བྱིའུ་འཕུར་ལྡིང་གིས་ནི་ཀུན་གསལ་བཞིན་རས་བསྒྲིབས་བཞིན་པར། །
མཚོ་ངོགས་གང་སར་ཅི་དགར་བཏང་བའི་བྱ་ཡི་སྒོ་ངའི་ཕོན་འབོར་གྱིས། །
བྱ་ཡི་རྒྱུད་པ་ཆུ་རྒྱུན་བཞིན་དུ་སྤེལ་ལ་ཧུར་བའི་རྣམ་པ་མངོན། །
དམར་དམར་སེར་པོའི་བཀྲག་མདངས་འཚེར་བའི་དགོན་སྡེ་ཁག་གི་གྲྭ་བཙུན་ཚོས། །
ཁག་ཁག་ཆོས་ལུགས་ཆོ་གར་བྲེལ་ཞིང་དུང་དང་རྒྱ་གླིང་རོལ་དབྱངས་དེ། །
ངན་ངན་སྡིག་ཚོགས་ཞི་བར་བགྱིད་ལ་འགྲོ་དོན་རབ་ཏུ་སྤེལ་བ་འམ། །
མཛེས་མཛེས་མཚོ་ཡི་ཀླུ་མོའི་བྲོ་ལ་སྐྱིད་པའི་རམས་འདེགས་བགྱིས་པར་མངོན། །
རིང་རིང་ལོ་ཟླའི་ཕྲེང་བ་བརྒྱུད་པའི་བྱེད་པོས་བསགས་པ་མ་ཡིན་གྱི། །
མཚར་མཚར་འགྲོན་བུ་བྱུ་རུ་ལ་སོགས་མཚོ་ཡི་ཁོང་དུ་སྦས་པའི་ནོར། །
ཡངས་ཡངས་འཛམ་བུའི་ནོར་གྱིས་མི་དོ་གཏན་དུ་གནས་པའི་དོན་ངོ་མས། །
མཐོ་མཐོ་ས་ཡི་ཡང་རྩེའི་བོད་འདི་ཕྱུག་པོ་མིན་པ་ཅང་སྲིད་དམ། །
བྱམས་བྱམས་སྐྱེད་མའི་ཚུལ་དུ་གནས་པའི་གཡུ་མཚོ་གཡུ་ཡི་མདངས་བཟང་པོར། །
སྐད་ཅིག་ཙམ་ཡང་འབྲལ་དུ་མེད་པའི་ཕུ་མ་མཚོ་སོགས་ཉེར་གནས་ཀྱི། །
ཁོང་ཡངས་རྒྱ་ཁྱོན་སྤྱི་ལེ་ཉིས་བརྒྱ་ལྷག་ཙམ་བརྒལ་བའི་ཁོང་དུ་ཡང་། །
བརྩིས་བརྩིས་གྲངས་ཀས་ཟིན་པར་དཀའ་བའི་ནོར་བུ་སྣ་ཚོགས་གཏམས་པ་བརྗིད། །
ཡར་འབྲོག་ལུང་ཤུར་མཛེས་པར་བྱེད་པའི་མཛེས་ལྗོངས་ཕུན་སུམ་ཚོགས་གྱུར་པར། །
ལྗང་ལྗང་རྩྭ་སྔོན་སོས་པའི་བང་མཛོད་མཐའ་ཡས་སྐར་མ་གླིང་གི་ཁྱོན། །
ཁྲ་ཁྲ་ཆིལ་ཆིལ་སྤང་རྒྱན་ལ་སོགས་སྣ་ཚོགས་མེ་ཏོག་མཚར་བ་འདི། །
གཡུ་མཚོ་སྒེག་མོའི་ལང་ཚོར་སྤྲས་པའི་རང་བྱུང་ཁམས་ཀྱི་རྒྱན་ཆ་དངོས། །
དཀར་དཀར་ར་ལུག་བགྲང་བས་མི་ཟིན་ནམ་མཁའི་སྐར་མའི་རྗེས་སུ་འགྲོ། །
ནག་ནག་འབྲི་གཡག་ཤ་ཤེད་རྒྱས་པ་མེས་པོ་འབྲོང་གི་རྫིག་ཉམས་མངོན། །
སེར་སེར་མར་ལྟང་རི་ལྟར་སྤུངས་ཤིང་ཚགས་ཤ་སྐམ་སོས་བཅུད་ལྡན་པ། །
མང་མང་ཐོན་ཁུངས་ཕུན་སུམ་ཚོགས་པ་གཡུ་མཚོའི་འགྲམ་ནས་ཐོན་པ་རྨད། །
ཁ་བའི་ཟེགས་མ་ལོ་མང་བསགས་པའི་གནོད་སྦྱིན་གང་བ་བཟང་མོ་སོགས། །
ཤེལ་དཀར་མཐོན་པོ་ནམ་མཁར་བཙུགས་འདྲ་གངས་རིའི་དཔུང་པ་གཟེངས་མཐོ་བས། །
ཚ་ཚ་གྲང་གྲང་དུས་བཞིར་འགྱུར་མེད་ཁ་བའི་ལྗོངས་ཀྱི་ཉམས་སྟོན་ཞིང་། །
གཡུ་མཚོ་མཛེས་པའི་མཆོད་རྟེན་གཟུགས་འཛིན་ཡར་འབྲོག་ཡུལ་གྲུར་འགྱིངས་འདི་རྨད། །
བརྗིད་བརྗིད་ས་འཛིན་རལ་གྲི་གཟེངས་འདྲ་རྩི་ཤིང་གོས་ཀྱིས་བརྒྱན་པའི་ངོགས། །
ལྷུང་ལྷུང་དལ་འགྲོ་ཐུར་དུ་འབབ་པའི་ཟེགས་མ་ཅི་ཡང་འཐོར་བ་འདི། །
དཀར་དཀར་ལྷ་རེག་དཔྱངས་དང་འདྲ་ཞིང་འུར་འུར་སྒྲ་སྒྲོག་བཞུར་བའི་རྒྱུན། །
གཡུ་མཚོ་ཆབ་ཀྱི་བང་མཛོད་ཆེན་པོ་ཕྱུག་ཏུ་གཏོང་བའི་ཚད་དུ་རེག །
རི་ཚོགས་ཁྲོད་དུ་མཚོ་མོ་འཁྱིལ་བཞིན་མཚོ་མོའི་ངོགས་སུ་གླིང་ཕྲན་ཚོགས། །
གླིང་ཕྲན་སྟེང་དུ་རི་དྭགས་གཅན་གཟན་མཚོ་མོའི་སྐུ་མགྲོན་བྱ་རིགས་ཚོགས། །
གླིང་ཕྲན་འཁོར་དུ་མཐའ་ཡས་རྩྭ་ཐང་ཕྱུགས་རིགས་དཀར་ནག་ཅི་ཡང་ཚོགས། །
རི་ཀླུང་རང་བྱུང་ཀུན་ཏུ་མཛེས་པ་ནམ་ཡང་འགྱུར་མེད་བཀྲ་ཤིས་ཚོགས། །
ས་འཛིན་མཐོན་པོ་གཅིག་ལ་གཅིག་འབྲེལ་གྱད་མི་ལག་གདང་སྦྲེལ་བ་བཞིན། །
ནར་ནར་ལུང་གཞུང་བཀང་བའི་མཚོ་མོ་གཡུ་ཡི་གཞོང་པ་ནར་མོ་འདྲ། །
ཆིལ་ཆིལ་རླབས་ཀྱི་འུར་སྒྲ་སྒྲོག་ཅིང་རླབས་ཀྱི་ཟེགས་མ་བདུད་རྩི་བཞིན། །
མཚོ་དང་རི་རབ་ལྷན་དུ་འགྲོགས་པའི་ཡར་འབྲོག་ཡུལ་ལྗོངས་ལྟ་ན་སྡུག །
གྲགས་ཅན་མཚོ་ཡིས་མ་བོས་མགྲོན་པོ་ཕྱོགས་མཚམས་ཀུན་ནས་ཆས་པ་ཡིས། །
ཧྲིག་ཧྲིག་མིག་ཟུང་མཚོ་ངོགས་མཛེས་པའི་ལྗོངས་ལ་ལྟ་བཞིན་ཡིད་འགུལ་བའི། །
ཤིས་བརྗོད་ངག་གི་གླུ་དབྱངས་ལེན་འདིས་གཡུ་མཚོའི་སྙན་པ་རིང་དུ་འཕུར། །
གོ་ལའི་ཁྱོན་ནས་གཅིག་ལས་མ་མཆིས་གཡུ་མཚོ་བདག་ཅག་ཕ་སའི་ནོར། །
གངས་ཅན་ཆོས་ལྡན་ཞིང་ཁམས་འདི་ན་ཡུལ་གྱི་བཀོད་པ་སྣ་ཚོགས་པ། །
སྙན་ངག་མཁན་པོའི་འཛད་མཐའ་མེད་པའི་བསྟོད་པའི་བརྗོད་བྱར་གྱུར་པས་ན། །
འདྲེན་བྱེད་ཡུལ་དུ་འཆར་རིམ་བཞིན་དུ་སྙན་པའི་ཚིག་སྦྱོར་བྲན་དུ་བཀོལ། །
རྒྱན་གྱི་རྒྱལ་པོ་རང་བཞིན་བརྗོད་ཀྱིས་སུག་འབྲིའི་བང་རྩལ་འདི་ཙམ་བརྒྱུགས། །