འབའ་སློབ་འབྲིང་དུ་ཐེངས་དང་པོའི་རིགས་ལམ་རྩོད་གླེང་གི་བྱེད་སྒོ་སྤེལ་བ།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-28


        སློབ་ཁྲིད་བཅོས་བསྒྱུར་གསར་པ་ལས་སློབ་མའི་བློ་སྒོ་འབྱེད་རྒྱུ་ནི་གནད་དམ་པའོ་ཞེས་གསུངས་པ་ལ་ལག་ལེན་མཐའ་འཁྱོལ་དང་སློབ་མ་ཚོ་ལ་བོད་ཀྱི་བཅུ་ཕྲག་རིག་གནས་ཀྱི་བྱེ་བྲག་ཚད་མའི་རྩོད་གླེང་དངོས་སུ་སྟོན་པའི་ཆེད་དུ། 2018ལོའི་ཟླ4ཚེས25ཉིན་གྱི་ཕྱི་དྲོར། འབའ་སློབ་འབྲིང་བོད་ཡིག་ཚན་ཁག་གི་དགེ་རྒན་ཚོས་སློབ་གྲྭའི་ཚོགས་ཁང་ཆེན་མོའི་ནང་དུ་ཐེངས་དང་པོའི་རིགས་ལམ་རྩོད་གླེང་གི་བྱེད་སྒོ་སྤེལ་བ་རེད།
        ཐེངས་འདིའི་རིགས་ལམ་རྩོད་གླེང་ནང་དུ་ཞུགས་པའི་མི་སྣ་ནི་ཁམས་ལྷོ་མི་རིགས་མཐོ་འབྲིང་སློབ་གྲྭའི་དགེ་རྒན་འབྲུག་གྲགས་དང་། འབའ་སློབ་གསོ་ཅུས་ཀྱི་འགོ་ཁྲིད། ལས་འཁྱུར་ངལ་གསོ་བྱས་ཡོད་པའི་དགེ་རྒན་གདུགས་དཀར་དང་བསྟན་དར། བོད་ཡིག་ཚན་ཁག་གི་དགེ་རྒན་ཡོངས། ལོ་རིམ་བདུན་པའི་འཛིན་གྲྭ་བཅོ་ལྔ་པ་དང་ལོ་རིམ་བརྒྱད་པའི་འཛིན་གྲྭ་བཅོ་ལྔ་པ་སོགས་ཁྱོན་བསྡོམས་དགེ་སློབ་མི་གྲངས200ལྷག་བྱེད་སྒོར་ཞུགས།
        དགའ་སྤྲོའི་ཐལ་མོ་རྡེབ་སྒྲའི་ཁྲོད་དུ་དགེ་རྒན་ཚོས་སུམ་ཅུ་པའི་གཞུང་གཙོ་བོར་བཟུང་ནས་རྟགས་གསལ་གཏོང་རེས་བྱེད་པར་མགོ་བརྩམས། དོགས་གནད་ཅན་དང་དཀའ་གནད་ལ་སླེབས་ཚེ་དགེ་རྒན་འབྲུག་གྲགས་ལགས་ཀྱིས་དོགས་གནད་སེལ་བ་དང་དཀའ་གནད་བཀྲོལ་བར་མཛད། མཐར་དགེ་རྒན་འབྲུག་གྲགས་དང་སློབ་གསོ་ཅུས་ཀྱི་འགོ་ཁྲིད་གཉིས་ཀྱིས། རིགས་ལམ་རྣམ་པར་ཕྱེ་བའི་རྣམ་དཔྱོད་དང་།། གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང་།། ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ།། ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང་།། ཞེས་གསུངས་པ་ལྟར་འཆད་རྩོད་རྩོམ་གསུམ་ནི་ང་ཚོ་བོད་ཀྱི་ཐུན་མོང་མ་ཡིན་པའི་སློབ་སྦྱོང་བྱེད་སྟངས་ཡིན་ལ། བྱེ་བྲག་རྩོད་པའི་རིགས་ལམ་འདི་དགེ་རྒན་ཚོས་སློབ་ཁྲིད་ནང་སྤྱོད་རྒྱུ་དེ་ཧ་ཅང་གལ་ཆེ་བ་ཡིན་ཞེས་བཤད་དོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1