བསོད་ནམས་དྲི་མེད།

སྨིན་དབུས་པོས་བསྡུས། རྩོམ་སྒྲིག་པ།སྒྲོལ་མ་ཚེ་བརྟན།ཡོང་ཁུངས།དམངས་ཁྲོད། སྤེལ་དུས། 06-18




བགྲང་གཞི་བགྲང་ལས་འདས་པའི་ཡར་སྔོན་ཞིག་ལ། ཡུལ་ཕྱོགས་ཤིག་ཏུ་ཁྱིམ་ཚང་དབུལ་བོ་དང་ཕྱུག་པོའི་དུད་ཚང་གཉིས་ཡོད་པ་རེད། ཉིན་ཞིག་མེད་མོ་ཚང་གི་བུ་དེས་འཕོང་ལ་རྩམ་སྐྱ་ཞིག་བྱུགས་ཏེ། ཟམ་ཁ་ཞིག་ནས་སློང་མོ་བྱེད་ཅིང་བསྡད་ཡོད་སྐབས། གློ་བུར་དུ་འདྲེ་དཔོན་ཞིག་གིས་བྱེའུ་ཆུང་ཁྲ་ཡིས་ཁྱེར་བ་བཞིན་བཟུང་སྟེ་འདྲེའི་ཁྱིམ་དུ་ཁྱེར་འགྲོ་བའི་ཚེ། བུ་ཆུང་དེ་ཧ་ཅང་འཇིགས་ནས་གཅིན་པ་ཤོར། འདྲེ་རྒན་གྱིས། ཨ་ཙེ། འདི་ནི་ལྷ་ཡི་དངོས་གྲུབ་རེད། མར་ཁུ་རང་འབབ་བྱེད་ཀྱིན་གདའ། ཟེར་བཞིན་ཁྱིམ་དུ་སོང་ནས་སྒྲོ་བ་ཞིག་གི་ནང་དུ་བཅུག་ཏེ་བ་བསྡམས་ནས་བཞག དེ་ནས་པོང་ཡར་སོང་ཞིང་རྒན་མོ་དང་བུ་གསུམ་པོར་གཟན་ཤ་ཐོན་ཡོད་ཟེར་བར། ཚང་མ་དགའ་སྟེ་ལ་ལས་སྒྱེད་པུ་འཛུགས། ལ་ལས་ཆུ་བླངས། ལ་ལས་མེ་བུས། ལ་ལས་ཟོ་བ་ཁྱེར་ནས་ཡོང་སྐབས། འདྲེ་དཔོན་གྱིས་བུ་ཆུང་བ་ལ། ཁྱོད་སོང་ལ་མ་གི་ན་ཡོད་པ་དེ་བཤོས་ན་ཚོས་ཞེས་པར། བུ་ཆུང་བས་ལགས་སོ་ཞེས་སོང་ཚེ། མི་དྲི་སྣ་ལམ་དུ་བྱུང་བ་དང་རབ་ཏུ་སྐྲག་པས་བཤའ་མ་ཕོད། དེ་ནས་བུ་འབྲིང་བ་སོང་ཡང་གསོད་མ་ནུས། མཐར་བུ་ཆེ་བ་སོང་ཡང་བཤའ་མ་ཕོད་པས་ཕྱིར་ལོག དེའི་སྐབས་འདྲེ་དཔོན་གྱིས་བཟའ་འདོད་ཀྱི་འགྲམ་ཆུ་ལྡང་སྟེ་རང་ཉིད་སོང་ནས་སྒྲོ་བའི་ཁ་བཀྲོལ་དུས། བུ་ཆུང་དེས་ཕྱེན་ཞིག་ཤོར་སོང་བས་རྩམ་པ་སྐྱ་ཐར་རེ་སོང་བ་དང་དྲི་ངན་སྣ་ཡིས་མི་བཟོད་པ་ཞིག་བྱུང་པས་འདྲེ་རྣམས་ཤིན་ཏུ་སྐྲག་སྟེ། ལུང་བའི་སྨད་ཕྱོགས་སུ་འུར་འུར་ཆོབ་ཆོབ་ཀྱིས་བྲོས། དབུལ་པོའི་བུ་སྒྲོ་བ་ལས་ཕྱིར་འབུད་སྐབས་འདྲེ་གཅིག་ཀྱང་མེད་པས་དེ་ཚང་ལ་ཡོད་ཚད་ཀྱི་གསེར་དངུལ་གཡུ་བྱུར་རྣམས་བཟུང་སྟེ་རང་ཁྱིམ་དུ་ལོག་ཅིང་། བཟའ་ཚང་གང་པོས་བདེ་སྐྱིད་ཀྱི་འཚོ་བ་ལོངས་སུ་སྤྱོད། ཕྱུག་པོའི་བུས་དོན་དེ་གོ་བ་དང་ཆོག་ཤེས་མེད་པར་གཅིག་ཐོག་བཅུ་དང་བཅུ་ཐོག་བརྒྱ་ཞེས་པའི་དཔེ་ལྟར། ད་དུང་རྒྱུ་ནོར་ཐོབ་འདོད་ཀྱི་བསམ་བློས་ཀུན་ནས་བསླངས་ཏེ་རང་ཉིད་ཀྱིས་ཀྱང་འཕོང་ལ་རྩམ་སྐྱ་བྱུགས་ཤིང་ཟམ་ཁར་སློང་མོ་བྱེད་ཁུལ་གྱིས་བསྡད། འདྲེ་དཔོན་གྱིས་དེ་མཐོང་བ་དང་སྔར་རང་ཉིད་ཀྱིས་ཟ་མ་ཐུབ་པར་མ་ཟད། གསེར་དངུལ་གཡུ་བྱུར་སོགས་རིན་པོ་ཆེ་ཡོད་རྒུ་བརྐུས་སོང་བ་རྣམས་དྲན་པས། སེམས་རབ་ཏུ་ཁྲོས་ཤིང་རྦད་ཀྱིས་བརྒྱུགས་ཏེ་ཕྱུག་པོའི་བུ་དེ་ཕྱི་བཀྱིགས་གྲུ་གུ་བསྡམས་འདྲ་ཞིག་བྱས་ཏེ་ཁྱེར་སོང་། ལམ་ནས་གཅིན་ཞིག་ཤོར་ཁུལ་བྱས་པར་འདྲེ་དཔོན་གྱིས། ངས་དེ་རིང་ཁྱོད་ལ་མར་ཁུ་རྒྱུན་ཆད་མེད་པ་ཞིག་མི་བྱེད་རེ་ཟེར་ཅིང་རང་ཁྱིམ་དུ་ཁྱེར་ཏེ། ཀུན་གྱིས་ཤ་འཐེན་པགས་འཐེན་གྱིས་བསད་ཅིང་ཟོས་སོང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1