དཔའ་བོ་གཙུག་ཕྲེང་སོགས་ཀྱིས་འདོད་པའི་ལྕགས་རྟ་ཕྱི་མ་ནི་སྤྱི་ལོ་790ལོར་ཡིན་པས་མི་འཐད་པ་གོང་གསལ་ཡབ་འདས་ཟིན་རྗེས་ཡིན་པ་རྟོགས་སླ། གསུམ་པ་ཆུ་རྟ་ལ་འདོད་པ་རྣམས་ཀྱིས་རིགས་པའི་རང་རྩལ་གྱིས་དཔྱད་པའམ་ཁུངས་ལྡན་གྱི་ཡིག་ཆ་ཞིག་མཐོང་བ་གང་ལྟར་ཡང་དོན་གྱི་གནད་ལ་རེག་པའི་ངེས་གསང་ཞིག་རྙེད་འདུག་ཀྱང༌། དཔལ་སྤྲུལ་སོགས་ཆུ་རྟ་ཕྱི་མ་ལ་འདོད་པ་རྣམས་ནི་སྲོང་བཙན་དགུང་ལོ་གྱ་གཉིས་ལ་བཞུགས་པའི་རིགས་པས་འཕྲི་བསྣོན་གྱིས་ཆུ་རྟ་ཕྱི་མ་སྤྱི་ལོ་802ལོར་དེད་ནས་བཀོད་པ་ནོར་བ་གོ་སླ་བ་བཅས་ལ་གཞིགས་ན་ཆུ་རྟ་སྔ་མ་ཏེ། བསྟན་རྩིས་ཀུན་བཏུས་ཀྱི་ཤོག་ལྷེ་125པའི་ངོས། ཁྲི་སྲོང་གི་འཁྲུངས་ལོ་དེ་སྤྱི་ལོ་742པའི་ཆུ་རྟ་ལོའི་རེའུ་མིག་ཏུ་བཀོད་པར། “ཏུན་ཧོང་གི་ཡི་གེར། རྣ་བར་གཟན་པའི་གཏམ་སྣ་ནམ་བཟའ་ལས་ཁྲི་སྲོང་ལྡེའུ་བཙན་འཁྲུངས་པར་བཤད། ”ཅེས་པའི་ལོ་དེ་ཉིད་དུ་འཁྲུངས་པར་ངེས་ཏེ། དེ་ནི་མེས་ཨག་ཚོམ་གྱི་ཁྲི་ལོ་སོ་བརྒྱད་པ་ཡིན་པས་དེ་ནས་ལོ་ངོ་བཅུ་གསུམ་འདས་ནས་ལོ་ངོ་བཅུ་བཞི་པའི་ཤིང་ལུག་ལོ་དེར་མེས་ཨག་ཚོམ་འདས་ཤིང༌། ལོ་དེར་ཁྲི་སྲོང་ལྡེའུ་བཙན་དགུང་ལོ་བཅུ་བཞིར་སོན་པ་དང་ཁྲིར་འཁོད་ཡོད་པ་རྒྱལ་རབས་དེབ་ཐེར་རྣམས་ལས་གསུངས་པ་དང་ཕྱོགས་མཐུན་ལ། རིགས་པས་ཀྱང་གྲུབ་བོ། དེས་ན་ཁྲི་ལྡེའུ་གཙུག་བརྟན་མེས་ཨག་ཚོམ་ནི་ཡབ་འདུས་སྲོང་མང་པོ་རྗེ་དང༌། ཡུམ་འབྲོ་བཟའ་ཁྲི་མ་ལོད་གཉིས་ཀྱི་སྲས་སུ་ས་ཁྱི་སྤྱི་ལོ་698ལོར་སྐུ་འཁྲུངས། དགུང་ལོ་བདུན་པ་ཤིང་འབྲུག་ལོར་ཡབ་འདས། དེའི་ཕྱི་ལོ་ཤིང་སྦྲུལ་སྤྱི་ལོ་705ལོར་ཁྲིར་འཁོད། དགུང་ལོ་བཅོ་ལྔ་པ་ཆུ་བྱི་སྤྱི་ལོ་712ལོར་གྱིམ་ཤིང་ཀོང་ཇོ་ཁབ་ཏུ་བཞེས། དགུང་ལོ་ཞེ་གཉིས་པ་ས་ཡོས་སྤྱི་ལོ་739ལོར་རྒྱ་བཟའ་འདས། དགུང་ལོ་ཞེ་ལྔ་པ་ཆུ་རྟ་སྤྱི་ལོ་742ལོར་སྣ་ནམ་བཟའ་ལས་སྲས་ཁྲི་སྲོང་ལྡེའུ་བཙན་འཁྲུངས། དགུང་ལོ་ང་བརྒྱད་པ་ཤིང་ལུག་སྤྱི་ལོ་755ལོར་སྐུ་གཤེགས། ལོ་དེར་ཁྲི་སྲོང་ལྡེའུ་བཙན་ཁྲིར་བཞུགས་པ་བཅས་རྟོགས་ནུས་པ་ཡིན། འདི་ལ་མེས་ཨག་ཚོམ་ཞེས་ཐོགས་པའི་རྒྱུ་མཚན་ཡང༌། སྐུ་གཞོན་པའི་དུས་སུ་སྲས་མེད་པ། དགུང་ལོ་ཞེ་ལྔར་ཟིན་ཚེ་གཞི་ནས་སྣ་ནམ་བཟའ་ལ་སྲས་ཤིག་སྐྱེས་པས། མི་རྣམས་ཀྱིས་རྒན་པོའི་དུས་སུ་སྲས་སྐྱེས་པས་སྲས་ཀྱིས་མེས་པོ་འདྲ་པོ་ཞིག་འདུག་ཅེས་གླེང་བས་སམ་ཡང་ན་གཞན་གྱིས་གླེང་བས་མེས་ཨག་ཚོམ་ཞེས་ཕྱིས་ནས་མཚན་དུ་ཆགས་པར་མངོན། སླར་སེམས་དགོས་པ་ནི་སྤྱིར་བཏང་ལོ་ཞེ་ལྔ་ཅན་ལ་སྲས་སྐྱེས་པ་རྒྱུན་ལྡན་ཡིན་ཡང༌། འདིར་གཞོན་དུས་སྲས་མེད་པ་ལ་ལོ་བཞི་བཅུའི་རྗེས་སུ་སྲས་ཤིག་སྐྱེས་པ་ལ་མི་ཚོས་གླེང་ཡུལ་ལྟ་བུ་ཞིག་འགྱུར་སྲིད་པ་ཞིག་རེད།
ལྔ། ཁྲི་སྲོང་ལྡེའུ་བཙན།
འདིའི་འཁྲུངས་སྐོར་ལ་རྒྱལ་རབས་དེབ་ཐེར་མང་ཆེ་བའི་ནང་ལྕགས་རྟ་ལོར་རྒྱ་བཟའ་ཀོང་ཇོ་ལས་འཁྲུངས་ཚུལ་གསུངས་པ་མ་དག་པ་གོང་དུ་བཀོད་པ་ལྟར་དང༌། སྦ་བཞེད་རྗེས་འབྲངས་དང་བཅས་པ་རྣམས་ཀྱིས་ཀོང་ཇོ་ལས་ཁྲི་སྲོང་ལྡེའུ་བཙན་འཁྲུངས་ཀྱང་སྣ་ནམ་བཟའ་ཡིས་ཀོང་ཇོའི་སྲས་འཕྲོགས་ཏེ་ཁོང་རང་ལས་སྐྱེས་པ་ལྟར་བྱས་པས།
རྗེ་བློན་རྣམས་ཐེ་ཚོམ་དུ་གྱུར་པས་ཞལ་ལྕེ་གཅོད་པའི་སྤོབས་པ་མ་བྱུང་ཞིང༌། བོད་ཀྱི་ས་དཔྱད་བཟང་བ་འགའ་ཞིག་ཉམས་སུ་བཅུག མི་རིང་བར་སྲས་ཞབས་འཛུགས་ཀྱི་དགའ་སྟོན་ལ་བཙུན་མོ་གཉིས་ཕ་མིང་དང༌། བློན་འབངས་རྣམས་འཚོགས་པའི་དབུས་སུ་རྒྱལ་པོས་འབྲས་ཆང་གིས་བཀང་བའི་གསེར་གྱི་ཕོར་པ་སྲས་ཀྱི་ལག་ཏུ་གཏད་ནས།
བུ་རང་གི་ཞང་པོའི་ལག་ཏུ་ཐོད་ཅེས་གསུངས་པ་དང༌། སྲས་ཀྱིས་རིན་པོ་ཆེའི་ཕོར་པ་རྒྱ་རྣམས་ཀྱི་ལག་ཏུ་གཏད་ནས། ང་ཁྲི་སྲོང་ལྡེའུ་བཙན་རྒྱ་ཚ་ཡིན། ། སྣ་ནམ་ཞང་གིས་དོན་མི་འཚལ། ཞེས་གསུངས་པ་དང༌། ཀོང་ཇོ་ཡིད་རབ་ཏུ་དགའ་སྟེ། ། ཚེ་སྔོན་མའི་ལས་གྱིས་འཕོས་པ་ཡིས། ། ང་རྒྱ་ནས་འོང་བའི་བུ་མོ་ལ། ། རྗེ་འགྲན་མེད་རྒྱལ་པོའི་སྲས་ཤིག་འཁྲུངས། ཞེས་སོགས་ཀྱི་གཏམ་སྨྲས་ཚུལ་བྲིས་འདུག་པ་འདི་རིགས་ནི། ཁྲི་སྲོང་རྒྱ་ཚ་ཡིན་པར་ཨུ་ཚུགས་ཀྱིས་སྒྲུབ་པའི་རྟགས་ཀྱི་ཤུགས་ལས། རྒྱ་ཚ་མ་ཡིན་པའི་སྒྲུབ་བྱེད་དུ་གྱུར་འདུག་པ་དེ་ཡང་དམངས་ཁྲོད་དུ་སྔར་མི་ཚོགས་ཀྱི་དབུས་ན་ལྕམ་མོ་ཞིག་གིས་སྟུག་དྲི་ཤོར་བའི་ཚེ། གཡོག་པོ་ཞིག་གིས་ད་གཟོད་ལྕམ་ལགས་ཀྱིས་སྟུག་དྲི་ཤོར་བ་དེ་ལྕམ་ལགས་ཀྱིས་ཤོར་བ་མ་རེད། ངས་ཤོར་བ་རེད་ཟེར་བའི་གཏམ་རྒྱུད་ཅིག་ཡོད་པ་བཞིན། སྣ་ནམ་ལས་སྐྱེས་པའི་བུ་དེ་སྣ་ནམ་གྱི་མ་རེད། རྒྱ་བཟའི་བུ་རེད་ཟེར་བ་འདྲ་པོ་ཞིག་ཆགས་མི་འདུག་གམ། དེ་དེ་ལྟ་སྟེ། གངས་ལྗོངས་ཆོས་སྲིད་ཟུང་ལ་མངའ་དབང་བསྒྱུར་བའི་རྒྱལ་བློན་འཁོར་འབངས་དང་བཅས་པ་དེ་ཙམ་གྱིས། དུས་རྟག་ཏུ་འཚོ་བ་ལྷན་ཅིག་ཏུ་སྐྱེལ་བའི་བཙུན་མོ་གཉིས་གང་ལས་ཕྲུ་གུ་སྐྱེས་པ་ཙམ་ཡང་མ་ཤེས་ནས། བྱིས་པ་སྐྱེ་ལོ་འཁོར་བ་ཞིག་གི་ཁ་ནས་བདེན་དོན་བཙལ་དགོས་ན། བཙན་པོ་དེ་དག་ཆབ་སྲིད་ཀྱི་ལས་དོན་རླབས་པོ་ཆེའི་མཛད་འཕྲིན་ཕྱིས་ཀྱང་མགྲིན་གཅིག་ཏུ་གླེང་འོས་ཀྱི་ཡུལ་དུ་ཅི་ལ་འོས། དེས་ན་བཤད་སྲོལ་འདི་རིགས་ནི་དྲང་པོའི་ལོ་རྒྱུས་འཁྱོག་བཤད་ཀྱི་གཏམ་རྒྱུད་ལ་བསྒྱུར་བའི་ཡིག་རྫོབ་ཅིག་ཏུ་ངེས་པ་ལས་ཁུངས་ལྡན་ཞིག་ཏུ་མ་མཐོང་ལ་《སྦ་བཞེད་》ཀྱི་རྩོམ་པ་པོའང་སྦ་གསལ་སྣང་མ་ཡིན་པར་མངོན་ཞིང༌། འདི་ལས་ལོ་རྒྱུས་ཀྱི་དོན་དངོས་ལ་མ་བལྟོས་པར་གཏམ་རྒྱུད་ལ་བརྟེན་ནས་བྲིས་པའི་ནང་འགལ་གྱི་སྒྲོས་མང་པོ་ཞིག་ཐོག་མཐའ་ཀུན་ལ་བཅུག་པ་ཇི་སྙེད་ཅིག་ལོ་རྒྱུས་ཀྱི་ཟོལ་དུ་བྲིས་པ་ཟུར་དུ་འགོད་རྒྱུ་ཡིན།
རྗེ་འདི་ཉིད་སྐུ་བཞུགས་སྐབས་ཀྱི་ཆོས་སྲིད་ཀྱི་མཛད་འཕྲིན་ལོ་རྒྱུས་སྤྱི་དང་མཐར་སྲས་མུ་ནེ་བཙན་པོ་རྒྱལ་སར་འཁོད་ཅིང་ཆོས་རྒྱལ་རང་ཉིད་སྒོམ་སྒྲུབ་ཁོ་ནར་འབད་དེ་བཞུགས་ཚུལ་རྒྱལ་རབས་གསལ་མེ་སོགས་དེབ་ཐེར་མང་པོ་ཞིག་ལས་གསལ་ཡང་དགུང་གྲངས་གང་བཞུགས་དང༌། ལོ་དུས་གང་ལ་འདས་ཚུལ་མ་ངེས་པ་སྣ་ཚོགས་ཤིག་འདུག་པར་ཁོ་བོ་ནི་དཔའ་བོ་གཙུག་ཕྲེང་གིས་རྒྱལ་པོ་དགུང་ལོ་ང་ལྔ་པ་སྒོམ་པ་གཤེགས་པར་འདོད་པའི་ཤིང་བྱིའི་ལོ་དེའི་བྱི་བ་དེ་འདས་ལོ་དངོས་དང༌། འབྱུང་ཁམས་ཤིང་དང་སྦྱར་བ་ནོར་བར་སེམས་ཏེ་མེ་དང་སྦྱོར་བར་འདོད་ཅིང༌། དེབ་སྔོན་དུ་ལྕགས་སྤྲེལ་ལོ་སྐུ་གཤེགས་ཤིང་མུ་ནེ་བཙན་པོ་ཁྲིར་འཁོད་ཅེས་གསལ་བ་དེ་སྒོམ་ལ་གཤེགས་པའི་ལོ་དང་སྐུ་གཤེགས་པའི་ལོ་གཉིས་ནོར་བར་སེམས་པ་ཡིན། དེ་ལྟར་ཁྲི་སྲོང་ལྟ་བུ་ལུགས་གཉིས་གང་ལའང་ཐོགས་པ་མེད་པའི་མཁྱེན་སྤྱོད་ཀྱི་དཔལ་དང་ལྡན་པའི་རྒྱལ་པོ་ཆེན་པོ་དེ་འདྲ་བ་ཞིག་ཞལ་བཞུགས་བཞིན་དུ་སྲས་ཁྲི་ལ་བཀོད་ཅིང་རྒྱལ་སྲིད་སྐྱོང་བཅུག་པ་ལ་དགོས་པ་ཅི་ཡོད་སྙམ་ན། འདི་ལ་སྐྱོན་མེད་དེ་བཙན་པོ་འདི་བོད་ཀྱི་རྒྱལ་རབས་རིམ་བྱོན་རྣམས་ཀྱི་དབུས་ན་སངས་རྒྱས་ཀྱི་བསྟན་པ་ལ་དད་འདུན་གྱི་སྤྲོ་བ་ཆེ་ཤོས་དང༌། འཆད་ཉན་སྒོམ་སྒྲུབ་ཀྱི་འཕྲིན་ལས་རླབས་ཆེ་ཤོས་ཤིག་ཡིན་པ་མ་ཟད། གསང་སྔགས་རྙིང་མའི་ཤིང་རྟའི་སྲོལ་འབྱེད་ཀྱི་སློབ་དཔོན་ཆེན་པོ་གསུམ་གྱི་ཡ་གྱལ་གཅིག་ཡིན་པ་དེས་ན་ལོ་ངོ་བཅུ་ཕྲག་ལྷག་ལ་དགེ་སྦྱོར་སྒོམ་སྒྲུབ་སོགས་ཉམས་ལེན་གཙོ་བོར་གནང་དགོས་པ་ནི་འོས་ཤིང་རིགས་པ་ཉིད་དོ་ཞེས་འདིར་ཆེད་དུ་བརྗོད་པར་བྱའོ།
ཁྲི་སྲོང་ལྡེའུ་བཙན་གྱི་ལོ་ཚིགས་དངོས་ནི། ཆུ་རྟ་སྤྱི་ལོ་742ལོར་ཡབ་ཁྲི་ལྡེའུ་གཙུག་བརྟན་དང༌། ཡུམ་སྣ་ནམ་བཟའ་གཉིས་ཀྱིས་སྲས་སུ་འཁྲུངས། དགུང་ལོ་བཅུ་བཞི་པ་ཡབ་འདས་པའི་ལོ་དེར་ཁྲིར་འཁོད་《ཏུན་ཧོང་གི་ཡིག་རྙིང་》 ལས་ལྕགས་བྱི་ལོར་ཁྲི་སྲོང་ལ་སྲས་ཤིག་བལྟམས་ཀྱང་མཚན་མི་གསལ་ཞེས་གསུངས་པ་དེ། 《མཁས་པའི་དགའ་སྟོན་》 ལས། རྗེ་ཁྲི་སྲོང་ལྡེའུ་བཙན་དང་བཙུན་མོ་ཚེ་སྤོང་བཟའ་མེ་ཏོག་སྒྲོན་གཉིས་ཀྱི་སྲས་བཞི་ལས་ཆེ་བ་མུ་ཁྲི་བཙན་པོ་སྐུ་ཆུང་ངུའི་དུས་གཤེགས་ཞེས་པ་དེ་ཡིན་ནམ་སྙམ། ཡིན་ན་རྒྱལ་པོ་དགུང་ལོ་བཅུ་དགུ་པའི་ལོར་འཁྲུངས། དགུང་ལོ་ཉེར་གཅིག་པ་ཆུ་སྟག་སྤྱི་ལོ་762ལོར་མུ་ནེ་བཙན་པོ་འཁྲུངས། དེའི་ཕྱི་ལོ་ཆུ་ཡོས་ལོར་མུ་ཏིག་བཙན་པོ་འཁྲུངས།
ལོ་དེར་བོད་དམག་གིས་རྒྱ་དམག་ཕམ་པར་བྱས་ཏེ་རྒྱལ་ས་ཞི་ཨན་དུ་སླེབས། ཏེའུ་ཙུང་(代宗)རྒྱལ་པོ་ཤིན་ཅུར་བྲོས། དེའི་ཕྱི་ལོ་ཤིང་འབྲུག་སྤྱི་ལོ་764ལོར་ཁྲི་ལྡེའུ་སྲོང་བཙན་ནམ་སད་ན་ལེགས་མཇིང་ཡོན་འཁྲུངས། དགུང་ལོ་སོ་དགུ་པ་ལྕགས་སྤྲེལ་སྤྱི་ལོ་780ལོར་སྲས་ཆེ་བ་མུ་ནེ་བཙན་པོ་རྒྱལ་སར་བཀོད། རྗེ་ཉིད་སྒོམ་སྒྲུབ་སོགས་དམ་ཆོས་ཉམས་ལེན་གྱི་མཛད་པ་གཙོ་བོར་གནང་སྟེ་དགུང་ལོ་ང་ལྔ་པ་མེ་བྱི་སྤྱི་ལོ་796ལོར་སྐུ་གཤེགས། འདིར་སྲས་རྣམས་འཁྲུངས་ལོའི་དགུང་སྙིང་མཁས་པའི་དགའ་སྟོན་ལྟར་བཀོད་ཅིང་དེ་ལས་དྲུག་ཅུའི་སྐོར་གཅིག་ཕྱིར་བསྣུད་བྱས་པ་ཡིན།
དྲུག མུ་ནེ་བཙན་པོ།
ལྷ་སྲས་མུ་ནེ་བཙན་པོ་འཁྲུངས་པའི་དགུང་སྙིང་དེ་《མཁས་པའི་དགའ་སྟོན་》དང་ 《རྒྱལ་རབས་གསལ་མེ་》ལྟར་དུ་ངེས་པར་མཐོང་སྟེ། ཁྲི་སྲོང་དགུང་ལོ་ཉེར་གཅིག་པའི་ལོ་ལ་འཁེལ་ཡོད་པའི་ཕྱིར་ཏེ། འོན་ཀྱང་དྲུག་ཅུའི་སྐོར་གཅིག་མི་འགྲིག་པ་ནི་གོང་བཤད་ལྟར་རོ། རྒྱལ་རབས་དེབ་ཐེར་ཕལ་ཆེར་ལས་འདི་ཉིད་རྒྱལ་སར་ཕེབས་ནས་ལོ་གཅིག་དང་ཟླ་བ་བདུན་ལ་སླེབས་སྐབས་ཡུམ་གྱིས་དུག་བཏང་ནས་གྲོངས་ཞེས་པ་དེ་མི་འགྲིག་སྟེ། རྒྱལ་པོ་འདིའི་རིང་ལ་བོད་འབངས་ཐམས་ཅད་དབུལ་ཕྱུག་ལན་གསུམ་སྙོམས་པར་བྱས་ཀྱང་རང་རང་སོ་སོའི་སྔོན་བསགས་ལས་ཀྱི་དབང་གིས་སྙོམས་མ་ཐུབ་པ་རེད་ཅེས་དམངས་ཁྲོད་ཡན་ལ་ཡང་ཁྱབ་གདལ་དུ་སོང་ཡོད་པས། དེ་ལྟར་ལོ་གཅིག་དང་ཟླ་བ་བདུན་གྱི་རིང་དབུལ་ཕྱུག་ལན་གསུམ་ལྟ་ཅི། ལན་གཅིག་སྙོམས་པར་བྱས་ནས་སླར་ཡང་ཁྱད་གཞུག་དུས་ཡུན་ལའང་ཐེ་ཚོམ་ཆེ་སྟེ། དང་པོ་བོད་འབངས་ཡོངས་ཀྱི་དཔལ་འབྱོར་གཅིག་གྱུར་གྱིས་བགོ་བཤའ་བྱེད་པ་ལ་རྒྱལ་པོ་སྟོབས་རྩལ་དམག་ཤུགས་ཇི་ལྟར་ཆེ་ན་ཡང༌། མ་མཐར་ཟླ་བ་གཉིས་གསུམ་གྱི་རིང་ལ་གྲོས་བསྡུར་ཞིབ་འཇུག་བྱེད་དགོས་ཤིང༌། དེ་ནས་བགོ་བཤའ་བྱས་རྗེས་ཆ་སྙོམས་ཀྱིས་ལོངས་སྤྱོད་པ་ལ་མ་མཐར་ལོ་གཅིག་གི་རྗེས་ཙམ་ན་གཞི་ནས་དབུལ་ཕྱུག་གི་ཁྱད་གཞུག་རྒྱུ་ལས། ལམ་སང་ཤིང་དང་རྡོ་གཉིས་ལྷན་དུ་མེ་ལ་བསྲེགས་པ་ནང་བཞིན་སྐད་ཅིག་ཙམ་གྱིས་ཁྱད་འབྱེད་མི་ནུས་པ་ནི། རིག་པས་བརྟག་པ་ཙམ་གྱིས་ཤེས་ཐུབ་པ་དེ་ལྟར་རེད། 《རྒྱལ་རབས་གསལ་མེ་》ལས་རྒྱལ་པོའི་ཞལ་ནས། “ངའི་མངའ་འོག་འདིར་མི་རྣམས་ལ་ལྟོགས་ཕྱུག་ཁྱད་འདི་ཙམ་འོང་བ་མི་འོས་གསུངས་ཏེ། ལྟོགས་ཕྱུག་ལན་གསུམ་སྙོམས་པས། ལོ་རེ་ཙམ་མ་གཏོགས་ཕྱུག་པོ་རྣམས་ནི་སྔར་ལྟར་ཕྱུག དབུལ་པོ་རྣམས་ནི་སྔར་ལྟར་ལྟོགས་པས་”ཞེས་ལྟོགས་ཕྱུག་གི་ཁྱད་པར་ལན་རེ་བྱེ་བ་ལའང་ལོ་རེ་འགོར་བ་དངོས་སུ་གསུངས་བཞིན་དུ་ ཡུམ་ལོག་ལྟ་སྐྱེས་ཏེ་སྲས་ལ་གསོལ་ངན་དྲངས་ནས་རྒྱལ་པོ་མུ་ནེ་བཙན་པོ་ལོ་གཅིག་དང་ཟླ་བ་དགུ་ལ་རྒྱལ་སྲིད་བཟུང་ནས་དགུང་ལོ་ཉི་ཤུ་ལ་ཕོ་བྲང་ཡུམ་བུར་གྲོངས་སོ་ཞེས་རང་ཚིག་སྔ་ཕྱི་འགལ་བར་གསུངས་པ་ནི་ཉམས་མཚར། ཆོས་རྗེ་བསོད་ནམས་གྲགས་པས་འདི་ལ་དོགས་སློང་དང་དག་ཐེར་གནང་བ་ལ། ལྔ་པ་ཆེན་པོས་བཀའ་བཀྱོན་གནང་འདུག་ཀྱང་དོན་དུ་བསོད་གྲགས་ཀྱི་གསུངས་ལ་བདེན་དོན་ཆེ་སྟེ། འདི་འཇིག་རྟེན་རང་རྒྱུད་པའི་ངོར་འཇིག་རྟེན་ལུགས་ཀྱི་ལོ་རྒྱུས་འཆད་པའི་སྐབས་ཡིན་པའི་ཕྱིར། དེས་ན་ལོ་གཅིག་དང་ཟླ་བ་བདུན་ཞེས་པ་དེའང་ཡབ་འདས་རྗེས་ཀྱི་ལོ་གཅིག་དང་ཟླ་བ་བདུན་ཟིན་པ་དང་འདས་ཞེས་པ་དེ། རྒྱལ་སྲིད་བསྐྱངས་ནས་ལོ་གཅིག་དང་ཟླ་བ་བདུན་དུ་འཁྲུལ་ཏེ་ནོར་བར་སེམས། ཡང་ན་ལོ་བཅུ་བདུན་ཞེས་པ་དེ་ལོ་གཅིག་དང་ཟླ་བ་བདུན་དུ་འཁྲུལ་བཟོ་ཡང་འབྱུང་སྲིད་སྙམ། འདི་ཉིད་ཀྱི་ལོ་ཚིགས་དངོས་ནི། ཆུ་སྟག་སྟེ་སྤྱི་ལོ་762ལོར་ཡབ་ཁྲི་སྲོང་ལྡེའུ་བཙན་དང༌། ཡུམ་ཕོ་ཡོངས་བཟའ་འམ་སྣ་ནམ་པ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བཅུ་དགུ་པ་ལྕགས་སྤྲེལ་སྤྱི་ལོ་780ལོར་ཡབ་ཀྱིས་དམ་ཆོས་སྒོམ་སྒྲུབ་གནང་སྟབས་རྗེ་ཉིད་ཁྲིར་འཁོད། སྐབས་དེའི་རིང་ལ་བོད་འབངས་རྣམས་དབུལ་ཕྱུག་ལན་གསུམ་སྙོམས་པར་བྱས། དགུང་ལོ་སོ་དྲུག་པ་མེ་གླང་ལོ་སྤྱི་ལོ་797ལོར་ཡབ་འདས་ནས་ལོ་གཅིག་དང་ཟླ་བ་བདུན་ལ་སོན་སྐབས་ཚེ་སྤོང་བཟའ་མེ་ཏོག་སྒྲོན་གྱིས་བཟས་དུག་སྦྱར་ནས་བཀྲོངས་སོ།
མུ་ནེ་བཙན་པོ་དང་མུ་ཏིག་བཙན་པོ་གཉིས་མ་ཡུམ་ཐ་དད་པའི་སྲས་ཡིན་པར་གསལ་ཏེ། ཡབ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་ཕོ་ཡོངས་བཟའི་སྲས་མུ་ནེ་བཙན་པོ་རྒྱལ་སར་བསྐོས་པ་དང༌། བཙུན་མོ་རྣམས་ལས་ཕོ་ཡོངས་བཟའ་ལ་བྱམས་པ་བྱས་སྟབས་ཁྲི་སྲོང་འདས་རྗེས་ཚེ་སྤོང་བཟའ་མེ་ཏོག་སྒྲོན་གྱིས་མུ་ནེ་བཙན་པོ་ལ་བཟས་དུག་སྦྱར་ནས་བཀྲོངས་པ་དང༌། དེ་རྗེས་མེ་སྒྲོན་གྱི་སྲས་མུ་ཏིག་བཙན་པོ་ཕོ་བྲང་དུ་གདན་འདྲེན་ཞུས་ཏེ་རྒྱལ་སར་བསྐོས་པ་ལ་ཕོ་ཡོངས་བཟའ་འམ་སྣ་ནམ་པས་གཡོ་ཐབས་ཀྱིས་བཀྲོངས་པའི་ཚུལ་《ཆོས་འབྱུང་མཁས་པའི་དགའ་སྟོན་》( སྟོད་ཆ། ཤོག་ལྡེབས་405)ལས། “ཡབ་ཀྱིས་བཙུན་མོ་ཕོ་ཡོངས་བཟའ་ལ་བྱམས་པར་མཛད་པས་ཡུམ་མེ་སྒྲོན་ཁྲོས་ཏེ་དུག་ཅན་གྱི་ཟས་དྲངས་པས་དགུང་ལོ་ཉེར་བཞི་པ་ཤིང་གླང་ལ་ཕོ་བྲང་ཡུམ་བུར་གཤེགས་ཏེ་ཆབ་སྲིད་ལོ་གཅིག་དང་ཟླ་བ་དགུ་བསྐྱངས་སོ། ། དེ་ནས་ལྷ་སྲས་མུ་ཏིག་བཙན་པོ་ཆད་པ་འཁེལ་བ་བྱང་ནས་སྤྱན་དྲངས་ཏེ་བསྐོ་བར་བྱས་པ་ལམ་དུ་སྣ་ནམ་པས་ཆིབས་བཀྲོགས་ཏེ་ལྷུང་ནས་རྟ་གྲིར་འདས། ”ཞེས་སོགས་གསལ་བ་ལྟར་རོ། ཁྲི་སྲོང་ལྡེའུ་བཙན་སྒོམ་མཛད་ནས་སྲས་མུ་ནེ་བཙན་པོ་རྒྱལ་སར་བསྐོས་པ་དང་མུ་ཏིག་བཙན་པོས་ཕྲག་དོག་གིས་མུ་ནེ་བཙན་པོའི་ཨ་ཞང་གི་བུ་དབུ་རིང་བསད་པས་ཆད་པ་དུ་ལོ་དགུའི་རིང་ལ་རྒྱང་ཕུད་བཏང་བའི་སྐོར་《ཆོས་འབྱུང་མཁས་པའི་དགའ་སྟོན་》 (སྟོད་ཆ། ཤོག་ལྡེབས་403)ལས། “དེ་ནས་བཙན་པོ་ལྷ་སྲས་ཁྲི་སྲོང་ལྡེའུ་བཙན་ ཀྱི་ཞལ་ནས། ཨ་ཙརའི་གསུང་དང་སྦྱར་ན་ཁོ་བོའི་ཚེས་ཀྱང་ཡུན་རིང་པོ་མི་ཐུབ་གསུངས་ནས་ཐུགས་ལས་ཆུང་ངུ་གཞོལ་བར་བཞེད་ནས་པཎྜི་ཏ་ཞིག་སྤྱན་འདྲེན་དུ་བཏང་བས་ཨ་ཙརའི་བི་མ་ལ་མི་ཏྲ་བྱོན་པ་ལ་སློབ་དཔོན་པདྨ་སམྦྷ་ཝའི་ཆོས་འཕྲོ་ཞུས་ནས་སྒོམ་མཛད་པར་བཞེད་དེ། སྲས་མུ་ནེ་བཙན་པོ་ཆབ་སྲིད་ལ་བསྐོ་བ་དང༌། བློན་པོ་ཞང་དབུ་རིང་བློན་པོ་ལ་བསྐོ་བའི་གྲོས་དབུ་རྩེ་ན་བྱེད་ཅིང་བཞུགས་པ་ཇོ་མོ་མེ་སྒྲོན་གྱིས་མཐོང་སྟེ་ཐུགས་གཏུམ་པོས་ཆབ་སྲིད་སྣ་ནམ་པ་སྟེར་ངེས་སྙམ་སྟེ་མུ་ཏིག་བཙན་པོ་ལ་གསོལ་བས་ལྷ་སྲས་ཀྱིས་སྒོ་བར་དུ་ཆུ་གྲིས་བཀུམ། ཡབ་ཀྱིས་བཙུར་བཞེར་གར་སོང་ཞེས་གསུངས་པས་གྲི་ཁྲག་ཅན་དེ་བོར་ནས་དབུ་རིང་རྒྱང་རིང་པོར་སོང་ཟེར་ཏེ་བར་ཁང་དུ་བྲོས། རྗེའི་ཐུགས་ངམ་འགྱངས་ནས་གཡར་མཆུ་བྱུང་བར་དོགས་ཐུགས་མ་བདེ་བློན་མཛངས་པ་ཀུན་གྲོས་བྱས་ཏེ་བློན་ཆེན་པོ་མགོས་ཀྱིས་ཞལ་ལྕེ་དགའ་གསུམ་དུ་བཅད། ཆབ་སྲིད་མུ་ནེ་བཙན་པོ་མངའ་བར་གྱིས་ཟེར་ནས། མི་ཆོས་ཐུན་བཅུགས་ལྟར་མཛད་ནས་བཏང༌། ཡབ་ཟུར་མཁར་དུ་སྒོམ་དུ་གཤེགས་སོ་ ”ཞེས་བྱུང་ངོ༌།
ཡི་གེ་གཞན་ལས་འཛམ་གླིང་སུམ་གཉིས་མངའ་འོག་ཏུ་འདུས་ནས་སུམ་གཅིག་བསྡུ་བའི་ཕྱིར་ཞང་རྒྱ་ཚ་ལྷ་སྣང་གིས་དབུ་རྩེ་བར་ཁང་དུ་རྒྱལ་པོ་ལ་གྲོས་ཞུས། ཞང་གི་བུ་དབུ་རིང་སྒོ་སྲུང་བ་ན་ལྷ་སྲས་མུ་ཏིག་བཙན་པོ་ནང་དུ་འབྱོན་རིངས་པ་བཀག་པས་ཁྲོས་ཏེ་དབུ་རིང་བསད། དབུ་ངང་རིང་རིང་པོ་དེ་རྒྱང་རིང་རིང་པོར་བཏང་ཡོད་གསུངས་པས་ཞང་ལ་ངོ་ནག་པ་ཙམ་ཡང་མ་བྱུང་ཞེས་སྣང༌། བློན་ཆེན་པོ་མགོས་ཀྱིས་བཅད་པའི་ཞལ་ལྕེ་དགའ་གསུམ་ནི། མགོས་ཀྱི་མཆིད་ནས་ཟུར་མཁར་མཆོད་རྟེན་གྱི་རྩར་ཞལ་ལྕེ་ལེན་དུ་ཤོག་ཅིག་ཟེར་ཏེ་རྟ་བཞོན་ནས་སོང༌། དེར་ཕྱིན་པས་རྡོའི་མཆོད་རྟེན་འོག་མ་ལ་ཡི་གེ་བྲིས་ནས་རྗེས་འབངས་བསད་ན་མས་བརྡུང་བ་དང་འདྲ་སྟེ་ཐབས་མེད་ད་དུང་མཆོད་རྟེན་བར་མར་དྲིས་ཟེར་བ་བྱུང་བས་རྒྱལ་པོ་ཡབ་སྲས་མཉེས། བར་པ་ལ་འོན་ཀྱང་རེ་རེ་ནས་བསད་ན་འབངས་ཀྱིས་མི་ལང་རྒྱལ་པོ་ལ་འབངས་མི་ཆད་དུ་འགྲོ་ད་དུང་གོང་མར་དྲིས་ཞེས་པ་མཐོང་བས་འབངས་རྣམས་དགའ། གོང་མ་ལ་རྒྱལ་པོ་ཉིད་ཀྱིས་ཁྲིམས་མ་བསྲུངས་ན་འབངས་ལ་ཁྲིམས་མི་འཆགས་པས་ལྷ་སྲས་ལོ་དགུ་བྱང་དུ་སྤྱུགས་ལ་ཞང་ལ་སྟོད་དུ་ཡུལ་གྲུ་གཅིག་བྱིན། ཞེས་བྱུང་བས་སྣ་ནམ་པ་དགའ་སྟེ་དགའ་གསུམ་དུ་གྲགས་སྐད། ཞེས་གསུངས་པ་ལྟར་རོ། །
བདུན། མུ་ཏིག་བཙན་པོ།
ལྷ་སྲས་འབྲིང་པོ་མུ་ཏིག་བཙན་པོ་ནི་རྒྱལ་རབས་དེབ་ཐེར་ཕལ་ཆེ་བའི་ནང་དུ་མུ་ནེ་བཙན་པོ་སྐུ་གཤེགས་སྐབས་འདི་ཉིད་སྤྱན་དྲངས་ནས་རྒྱལ་སྲིད་གཏད་རྒྱུ་ལ་སྣ་ནམ་པས་ཆིབས་དཀྲོགས་ཏེ་འདས་ཞེས་གསུངས་འདུག འོན་ཀྱང་《དེབ་དམར་》དང་《དེབ་སྔོན་》སོགས་སུ་སྲས་ཆེ་འབྲིང་ཆུང་གསུམ་གྱིས་རྒྱལ་སྲིད་བཟུང་ཚུལ་གསལ་ལ། 《ཤེས་བྱ་ཀུན་ཁྱབ་》ལས་ཀྱང༌། “ཆོས་རྒྱལ་འདི་ལ་སྲས་མཆེད་གསུམ་བྱོན་པའི་ཆེ་བ་མུ་ནེ་བཙན་པོ། འབྲིང་བ་མུ་རུམ་བཙན་པོ། ཆུང་བ་མུ་ཏིག་བཙན་པོའམ་སད་ན་ལེགས་མཇིང་ཡོན་དུ་གྲགས་པ་རྣམས་ཀྱིས་ཀྱང་བསྟན་པ་བླ་ནས་བླར་སྤེལ་ཞིང༌། ” ཞེས་སྲས་ཆེ་འབྲིང་ཆུང་གསུམ་གྱིས་སྲིད་བསྐྱངས་ཚུལ་འཁོད་པ་འདི་དག་ལ་ཡིད་ཆེས་དང་དོ་སྣང་བྱེད་དགོས་པ་ཞིག་ཏུ་སྣང་སྟེ། དེ་ཡང་རྒྱ་ནག་གི་ཐང་ཡིག་གསར་རྙིང་གཉིས་ཀྱི་རྒྱ་བོད་འབྲེལ་བའི་སྐོར་བཤད་པ་ལས། ཀྲིན་ཡོན་(贞元)ཁྲི་ལོ་ཉི་ཤུ་པའི་ལོར་ 804བོད་ཀྱི་བཙན་པོ་གྲོངས་པ་དང༌། 《ཐང་ཡིག་གསར་མ་》 ལས་ལོ་དེར་བཙན་པོའི་གཅུང་ཁྲིར་འཁོད་ཚུལ་བཤད་པ་དང༌། 《དེབ་སྔོན་》དུ་གཅུང་ཁྲི་ལྡེའུ་སྲོང་བཙན་ཤིང་སྤྲེལ་ལོར་ཁྲིར་འཁོད་ཚུལ་གསུངས་པ་བཅས་ཀྱི་ལོ་ཚིགས་ནི་སྤྱི་ལོ་804ལོར་གཅིག་མཐུན་དུ་བབ་པ་དང༌། ཡང་《ཐང་ཡིག་གསར་མ་》ལས། ཀྲིན་ཡོན་ཁྲི་ལོ་བཅུ་གཉིས་པ་སྤྱི་ལོ་796ལོ་པའི་ལོར་རྗེ་བཙན་ཟེར་བ་ཞིག་བཀྲོངས་པ་དང༌། དེའི་ཕྱི་ལོར་བཙན་པོ་ཞིག་འདས་ནས་ལྷ་སྲས་ཤིག་རྒྱལ་སར་འཁོད་ཚུལ་དང༌། ཐང་ཡིག་རྙིང་མ་ལས་ཀྱང་ཀྲིན་ཡོན་ཁྲི་ལོ་བཅུ་གསུམ་ སྤྱི་ལོ་797པའི་ལོར་བཙན་པོ་དཀྲོངས་པ་དང༌། དེའི་ཕྱི་ལོ་སྲས་ཆེ་བ་རྒྱལ་སར་བཞུགས་པ་དེ་འདས་རྗེས། སྲས་འབྲིང་བ་རྒྱལ་སར་བཏོན་ཚུལ་འཁོད་པ་བཅས་ལ་ཞིབ་ཏུ་དཔྱད་ན། བཙན་པོ་ཁྲི་སྲོང་ལྡེའུ་བཙན་འདས་པའི་ཕྱི་ལོར་སྲས་ཆེ་བ་འདས། སྐབས་དེར་སྲས་འབྲིང་བ་རྒྱལ་སར་འཁོད་དེ་རྒྱལ་སྲིད་ལོ་ཤས་བསྐྱངས་ཏེ་འདས་རྗེས། སྲས་ཆུང་བ་རྒྱལ་སར་འཁོད་པར་མངོན་པ་བཅས་ལེགས་པར་བསྒྲིག་ཚེ་གོང་དུ་བཀོད་པ་ལྟར་མུ་ནེ་བཙན་པོ་ཡབ་འཚོ་བཞུགས་ཀྱི་སྐབས་ལ་རྒྱལ་སར་བཞུགས་ཏེ་ཡབ་རྒྱལ་པོ་འདས་པའི་ལོ་གཅིག་དང་ཟླ་བ་བདུན་གྱི་རྗེས་ལ་སྐུ་གཤེགས་ཤིང༌། དེ་མ་ཐག་འབྲིང་པོ་མུ་ཏིག་བཙན་པོས་རྒྱལ་ས་མཛད་དེ་ལོ་ཤས་སོང་རྗེས་འདས་པའི་ཚབ་ལ་ཁྲི་ལྡེའུ་སྲོང་བཙན་ཁྲིར་འཁོད་པ་བཅས་སྦྱར་ན་འབྱོར་ངེས་སུ་བྱུང་བས་འདི་དང་ཁྲི་ལྡེའུ་སྲོང་བཙན་གཉིས་རྒྱལ་རབས་སོ་སོར་བྱུང་བ་ལས་དོན་གཅིག་མིང་གི་རྣམ་གྲངས་ནི་མ་ཡིན་པར་སེམས་ཏེ། གལ་ཏེ་སྲས་འབྲིང་པོ་མུ་ཏིག་བཙན་པོ་ཁྲིར་མ་བཞུགས་པ་ཡིན་ན་ཀྲིན་ཡོན་ཁྲི་ལོ་བཅུ་གསུམ་ནས་ཉི་ཤུའི་བར་ སྤྱི་ལོ་797-804ལོ་ངོ་བརྒྱད་ཙམ་ལ་བོད་ལ་རྒྱལ་པོ་མེད་པར་འབྱུང་དགོས་པས་དེ་ལྟར་རྒྱལ་ས་སྟོང་པར་ལུས་པའི་ལོ་རྒྱུས་རྒྱ་བོད་གཉིས་ཀར་མ་གྲགས་པས་ལོ་རྒྱུས་ལ་གཞི་འཛིན་མེད་པར་འགྱུར་ངེས་བཅས་ཡིན། དེས་ན་བཙན་པོ་འདིའི་ལོ་ཚིགས་དངོས་ནི། ཆོས་འབྱུང་མཁས་པའི་དགའ་སྟོན་ལྟར། མུ་ནེ་བཙན་པོ་འཁྲུངས་པའི་ཕྱི་ལོའི་ཆུ་ཡོས་ཏེ་དྲུག་ཅུའི་སྐོར་གཅིག་ཕྱིར་བསྣུད་བྱས་པའི་སྤྱི་ལོ་763ལོར་ཡབ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དང༌། ཡུམ་ཚེ་སྤོང་བཟའ་མེ་ཏོག་སྒྲོན་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བཅོ་བརྒྱད་པ་ལྕགས་སྤྲེལ་ལོ་ཡབ་སྒོམ་སྒྲུབ་ལ་གཤེགས་ནས་གཅེན་མུ་ནེ་བཙན་པོ་རྒྱལ་སར་འཁོད། དགུང་ལོ་སོ་བཞི་པའི་སྐབས་ཡབ་གཤེགས། སོ་ལྔ་པ་མེ་གླང་ལོ་སྤྱི་ལོ་797ལོར་གཅེན་མུ་ནེ་བཙན་པོ་འདས་ནས་མུ་ཏིག་བཙན་པོ་རང་ཉིད་རྒྱལ་སར་འཁོད། དགུང་ལོ་ཞེ་གཉིས་པའི་ཤིང་སྤྲེལ་སྤྱི་ལོ་804ལོར་སྐུ་གཤེགས། འདི་འཁྲུངས་ལོ་ལས་གཞན་ཐམས་ཅད་དེབ་སྔོན་ལྟར་དུ་བཀོད་པ་དང༌། མུ་ཏིག་བཙན་པོ་ཞེས་པ་སྲས་འབྲིང་བའི་མཚན་ཡིན་མིན་སྐོར་དེབ་ཐེར་ཁག་ལས་མི་འདྲ་བ་སྣ་ཚོགས་པ་ཞིག་སྣང་ཡང་འདིར་《མཁས་པའི་དགའ་སྟོན་》ལྟར་བཀོད་པ་ཡིན། །
བརྒྱད། མུ་རུག་བཙན་པོ།
ཡབ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དང༌། ཡུམ་མཆིམས་བཟའ་ལྷ་མོ་བཙན་གཉིས་ཀྱི་སྲས་སུ་སྤྱི་ལོ་776པའི་མེ་འབྲུག་ལོར་སྐུ་འཁྲུངས། མཚན་གཞན་སད་ན་ལེགས་མཇིང་ཡོན་དང་། ཁྲི་ལྡེ་གཙུག་བཙན་ཡང་ཟེར། དགུང་ལོ་ལྔ་པར་གཅེན་མུ་ནེ་བཙན་པོ་རྒྱལ་སར་འཁོད། ཉེར་གཉིས་པ་ལ་མུ་ཏིག་བཙན་པོ་རྒྱལ་སར་བཞུགས། དགུང་ལོ་ཉེར་དགུ་པའི་ཤིང་སྤྲེལ་སྤྱི་ལོ་804ལོར་གཅེན་མུ་ཏིག་བཙན་པོ་སྐུ་གཤེགས་པ་དང་འདི་ཉིད་རྒྱལ་པོའི་ཁྲི་ལ་བཞུགས་ནས་སྲིད་བསྐྱངས། འབྲོ་བཟའ་ཁྲི་མ་ལེགས་དང༌། མཆིམས་རྒྱལ་བཟའ་ལེགས་མོ་བཙན། ཅོག་རོ་བཟའ་བརྩན་རྒྱལ་རྣམས་ཁབ་ཏུ་བཞེས། བཙུན་མོ་ཆེ་བ་ལ་སྲས་ཁྲི་རལ་པ་ཅན་དང༌། གཙང་མ། དར་མ་གསུམ་དང༌། བཙུན་མོ་ཆུང་བ་ལ་ལྷ་རྗེ་དང༌། ལྷུན་གྲུབ་གཉིས་བཅས་ལྔ་འཁྲུངས། དགུང་ལོ་བཞི་བཅུ་པ་སྤྱི་ལོ་815པའི་ཤིང་ལུག་ལོར་སྐུ་གཤེགས། བང་སོ་འཕྲུལ་རྒྱལ་གྱི་མདུན་དུ་བརྩིགས་པ་དང༌། བང་སོའི་མིང་ལ་རྒྱལ་ཆེན་འཕྲུལ་གྱི་རི་བོ་ཞེས་ཟེར།
དགུ ཁྲི་གཙུག་ལྡེའུ་བཙན་ཁྲི་རལ་པ་ཅན།
རྒྱལ་པོ་འདི་ཉིད་མེ་ཁྱི་ལོར་འཁྲུངས་པ་ཆོས་འབྱུང་དེབ་ཐེར་ཕལ་ཆེར་ཞལ་མཐུན་ཡང་དྲུག་ཅུའི་སྐོར་གཅིག་གིས་ཕྱིས་སྐྱོན་འདུག་ཅིང༌། 《བསྟན་རྩིས་ཀུན་བཏུས་》ལས། ཀུན་མཁྱེན་བསྟན་རྩིས་སུ་རིག་ལྡན་བཅུ་གཅིག་པ་རྒྱལ་དཀས་བྱེད་རྩིས་འགོ་བརྩམས་པའི་ལོ་ལ་མངའ་བདག་ཁྲི་རལ་པ་ཅན་འཁྲུངས་པར་གསུངས་ཀྱང་དྲུག་ཅུའི་སྐོར་གཅིག་གིས་སྔ་སོང་། ཞེས་གསུངས་འདུག་ཀྱང་དོན་དུ་ལོ་དེ་ཉིད་དུ་ངེས་ཏེ་《མཁས་པའི་དགའ་སྟོན་》ལས། ཙན་པོས་ལོ་བཅུ་བདུན་བཞེས་ཤིང༌། རྒྱ་རྗེ་མུ་ཛུང་(穆宗)གིས་རྒྱལ་ས་བྱས་ནས་ལོ་བཅུ་བཞི་པ་ཆུ་ཕོ་སྟག་གི་ལོ་ལ་ཆད་མལ་བྲོ་བོར་བ་རྣམས་བྱས་ཤིང༌། བོད་ཀྱི་གནའ་ཆད་ཆུ་ཕོ་སྟག་གི་ལོ་དབྱར་ཟླ་འབྲིང་པོའི་ཚེས་དྲུག་ལ་དཀྱིལ་འཁོར་ལ་འཛེགས་ཏེ་བོད་ཀྱི་གཙིགས་བཟུང་ངོ་ཞེས་དང༌། 《གཙུག་ལག་ཁང་མདུན་གྱི་རྡོ་རིང་གི་ངོ་བཤུས་ཡི་གེ་》ལས། བོད་ཆེན་པོའི་མྱིང་ནི་སྐྱིད་རྟག་ལོ་བདུན། རྒྱ་ཆེན་པོའི་མྱིང་ནི་ཅང་ཀེང་ལོ་དང་པོ་ལྕགས་མོ་གླང་གི་ལོའི་དགུན་ཟླ་ར་བའི་ཚེས་བཅུ་ལ་དཀྱིལ་འཁོར་ལ་འཛེགས་ནས་རྒྱ་ཡིས་གཙིགས་བཟུང་ངོ། བོད་ཡུལ་ནི། ཕོ་བྲང་ལྷ་སའི་ཤར་ཕྱོགས་སྦྲ་སྟོད་ཚལ་དུ། བོད་ཆེན་པོའི་ལོའི་མྱིང་སྐྱིད་རྟག་ལོ་བརྒྱད། རྒྱ་ཆེན་པོའི་ལོའི་མྱིང་ཅང་ཀེང་ལོ་གཉིས། ཆུ་ཕོ་སྟག་གི་ལོའི་དབྱར་ཟླ་འབྲིང་པོ་ཚེས་དྲུག་ལ། དཀྱིལ་འཁོར་ལ་འཛེགས་ཏེ། བོད་ཀྱི་གཙིགས་བཟུང་ངོ། ཞེས་རྡོ་རིང་འཛུགས་སྐབས་ཀྱི་རྒྱ་བོད་གཉིས་ཀྱི་རྒྱལ་པོའི་ཁྲི་ལོ་དང༌། བོད་ཀྱི་རྒྱལ་པོའི་དགུང་ལོ་བཅས་གསལ་པོར་བསྟན་པའི་གོང་མ་མུ་ཙུང་གི་ཁྲི་ལོ་དང་པོ་ནི་ཁྲང་ཆིང་(长庆)གི་ལོ་དང་པོ་ལྕགས་གླང་སྤྱི་ལོ་821ལོ་དེ་ཡིན་པ་རྒྱ་ནག་གི་ལོ་རྒྱུས་དེབ་ཐེར་རྣམས་ལས་ཡོངས་སུ་གྲགས་ཤིང༌། ཆུ་སྟག་འདི་ནས་གྱེན་དུ་བགྲངས་པའི་ལོ་ངོ་བརྒྱད་པ་ནི་ཤིང་ལུག་དང༌། དེ་ནས་ཡར་འདེད་བྱས་པའི་བཅུ་བདུན་པ་ནི་མེ་ཁྱི་ལ་ཏག་ཏག་འཁེལ་ཡོད། དེ་ལྟར་ན་རྒྱལ་པོ་འདིའི་ལོ་ཚིགས་དངོས་ནི། གོང་གསལ་ཆོས་འབྱུང་ཕལ་མོ་ཆེར་འཁོད་པའི་མེ་ཕོ་ཁྱི་ལོ་དེའི་རྗེས་ཀྱི་དྲུག་ཅུ་སྐོར་དེའི་མེ་ཁྱི་སྟེ་སྤྱི་ལོ་806ལོར་འཁྲུངས་ཤིང༌། དགུང་ལོ་བཅུ་པ་ཤིང་ལུག་སྤྱི་ལོ་815ལོར་རྒྱལ་སར་འཁོད། བཅུ་དྲུག་པ་ལྕགས་གླང་ལོར་རྒྱ་དང་འདུམ་བྱས་ནས་རྒྱ་ནག་ཏུ་རྡོ་རིང་བསླངས། བཅུ་བདུན་པའི་ཆུ་སྟག་ལོར་བོད་དུ་རྡོ་རིང་བཙུགས། དེའི་ཕྱི་ལོར་རྡོ་རིང་ལ་ཡི་གེ་བྲིས། དགུང་ལོ་སོ་གཅིག་པའི་མེ་འབྲུག་སྤྱི་ལོ་836ལོར་མལ་གྲོ་ཞམ་པའི་ཕོ་བྲང་ན་རྒུན་ཆང་མྱོས་པར་བཞེས་ཏེ་གསེར་ཁྲི་ལ་གཟིམས་པ་ལ། དབས་སྟག་རྣ་ཅན་དང༌། ཅོག་རོ་ལྷ་ལོད། ལེགས་སྡུག་བཙན་གསུམ་གྱིས་དབུ་ལྟག་ཏུ་བསྐོར་ནས་བཀྲོངས་པ་བཅས་གཏན་ལ་འགེལ་ཐུབ་ངེས་ཡིན།
བཅུ། འུ་དུམ་བཙན་པོའམ་གླང་དར་མ།
རྒྱལ་རབས་དེབ་ཐེར་ཕལ་ཆེ་བའི་ནང་དུ་གླང་དར་མ་གཅེན་དང་ཁྲི་རལ་པ་ཅན་གཅུང་ཡིན་ཀྱང༌། གླང་དར་མ་སྡིག་ལ་དགའ་བས་རྒྱལ་སྲིད་ལ་མ་འཁོད་པར་ཁྲི་རལ་པ་བཀོད་པ་ཡིན་ཞེས་བཤད་ཀྱང༌། འདིར་ཉང་རལ་ཉི་མ་འོད་ཟེར་གྱིས་《ཆོས་འབྱུང་མེ་ཏོག་སྙིང་པོའི་སྦྲང་རྩིའི་བཅུད་》ལས། ཁྲི་རལ་པ་གཅེན་དང་གླང་དར་མ་གཅུང་ཡིན་པ་གསུངས་པ་ལྟར་བཀོད་པ་ཡིན། སྤྱི་ལོ་815ཤིང་ལུག་སྟེ་ཡབ་འདས་པའི་ལོ་དེར་འཁྲུངས། སྤྱི་ལོ་836པའི་མེ་འབྲུག་ལོར་གཅེན་མངའ་བདག་ཁྲི་རལ་འདས་པ་དང་རྒྱལ་སྲིད་ལ་བསྐོས། དེ་ནས་སྤྱི་ལོ་841ལོར་ཆོས་བསྣུབས་པས་ལྷ་ལུང་དཔལ་རྡོར་གྱིས་བཀྲོངས་སོ།