དབུལ་ཕོངས་དུད་ཚང་བསོད་མཚོ་ཚང་གི་འགྱུར་ལྡོག
ཀུན་དགས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-22
གསར་འགོད་པས་ཁོ་མོའི་ཁྱིམ་དུ་སླེབས་མ་ཐག་མིག་ལམ་དུ་མཐོང་བ་ནི་གཙང་སྦྲ་ལེགས་པའི་ཁང་པའི་ནང་དུ་ལྕགས་ཐབ་དང་དངོས་གསོག་སྒྲོམ་སྟེགས་སོགས་སྒྲིག་སྦྱོར་གང་ལེགས་ཡིན་པས་མ་ཚད། སྒེའུ་ཁུང་ནས་ཉི་མའི་འོད་ཟེར་ནང་དུ་འཕྲོད་པ་དང་། སྒེའུ་ཁུང་རྒྱབ་ཀྱི་མེ་ཏོག་རྣམས་བཞད་དེ་མཛེས་སྡུག་རྣམ་པར་བཀྲ་བ་རེད། རྒྱུས་ལོན་བྱུང་བ་ལྟར་ན་འདི་ནི་གྲོང་གསེབ་རིམ་པ་གཉིས་ཀྱི་རོགས་སྐྱོར་འོག་རེ་ཞུ་བྱས་པའི་བོད་རིགས་གྱི་སྡོད་ཁང་གསར་པའི་ལས་གཞི་ཡིན་པ་དང་ན་ལོའི་སྤྱི་ཟླ6པའི་ནང་སྡོད་ཁང་གསར་པའི་ནང་སྤོས་ཡོད་པ་རེད།
སྔོ་ཚལ་ཚོང་ཁང་གཉེར་འགོ་བརྩམས།
བསོད་མཚོ་ནི་ད་ལོར་ལོ་ན35ལ་སོན་པ་དང་ཁྱིམ་དུ་མི་བཞི་ཡོད་ཅིང་། ཁོ་མོ་སློབ་ཆུང་ལོ་རིམ་ལྔ་པ་ལས་འདོན་མ་མྱོང་ཡང་གྲོང་སྡེའི་ནང་དུ་རིག་གནས་པ་ཞིག་རྩིས་ཆོག་པ་རེད། ཡིན་ཡང་ཁོ་མོའི་ཁྱོ་ག་ལ་ནད་ཕོག་པའི་རྐྱེན་གྱིས་དུས་རྒྱུན་སྨན་འཐུང་དགོས་པས་ངལ་རྩོལ་ནུས་ཤུགས་ཞན་པ་དང་། དེའི་ཐོག་ལ་བུ་ཕྲུག་གཉིས་པོ་ཡང་གྲོང་རྡལ་གྱི་ཞག་སྡོད་སློབ་གྲྭ་རུ་སློབ་སྦྱོང་ལ་བཏང་ཡོད་པ་རེད། འདི་འདྲའི་གནས་ཚུལ་འོག་ཁྱིམ་གྱི་དཀའ་ངལ་དང་ལས་འགན་ཚང་མ་ཁོ་མོའི་ཕྲག་ཏུ་ལྷུང་ཡོད་པས་འཚོ་བའི་གནོན་ཤུགས་དང་དཀའ་ཚེགས་ཆེ་བས2014ལོར་གྲོང་སྡེའི་ནང་གི་དུད་ཚང་དབུལ་ཕོངས་ལ་གཏན་འཁེལ་བྱས་པ་རེད། དེའི་རྗེས་ཁོ་མོས་ཞིང་འབྲོག་མང་ཚོགས་ཀྱི་མཚན་མོའི་སློབ་གྲྭའི་ནང་ལག་རྩལ་གསོ་སྦྱོང་ལ་ཞུགས་ནས་དབུལ་ཐར་འགག་སྒྲོལ་གྱི་སྲིད་ཇུས་ཤེས་བྱ་སྐོར་སློབ་སྦྱོང་གང་ལེགས་བྱས་པས་མ་ཚད་སྒུག་བརྟེན་སློང་གསུམ་ལ་རེ་སྒུག་མི་བྱེད་པ་དང་བུ་ཕྲུག་གཉིས་ཀའི་སེམས་ནང་ལ་མིག་དཔེར་འོས་པའི་ཨ་མ་བཟང་པོ་ཞིག་བྱ་རྒྱུའི་རེ་འདུན་དང་བསམ་བློ་ཡག་པོ་ཞིག་ཁྱེར་ནས་ཁྱོ་ག་དང་ གྲོས་བསྡུར་བྱས་མཐར། སྔོ་ཚལ་སྐྱེལ་འདྲེན་བྱེད་མཁན་ཆི་ཧྲུན་ཡིའུ་ཡི་ལག་ནས་སྔོ་ཚལ་དང་ཤིང་ཏོག་སོགས་འཁུར་རྒྱུ་བྱས། དབུལ་ཕོངས་ཁྱིམ་མཚེས་དུད་ཚང་བསོད་སྒྲོལ་ཚང་གི་བརྩེགས་ཞབས་ཀྱི་ཁང་མིག་གཅིག་གླ་ནས་ཟླ་རེར་གླ་སྒོར250སྤྲད་རྒྱུ་བྱས་ཏེ་སྔོ་ཚལ་ཚོང་ཁང་ཞིག་གཉེར་བ་རེད། ཚོང་ཁང་དེའི་ནང་དུ་གཙོ་བོ་ཚོད་དཀར་དང་ལ་ཕུག ཧོང་ཀྭ། རྒྱ་ཙོང་། དྲི་ཞིམ་ཤ་མོ། ཇིན་ཚལ། པད་ཁ། ཀྲུ་མ་ཀྲུ། ཞོག་ ཁོག་སོགས་སྔོ་ཚལ་རིགས་དང་། དེ་མིན་ཚ་ལུ་མ་དང་ཀུ་ཤུ་སོགས་ཤིང་ཏོག་འདྲ་མིན་འཚོང་གིན་ཡོད་པས་ཉིན་ལྟར་སྔོ་ཚལ་དང་ཤིང་ཏོག་ཉོ་མཁན་རྒྱུན་མི་ཆད་པ་རེད།
ཁ་ཕྱོགས་བསྒྱུར་ཏེ་ཡོང་འབབ་འཕར་སྣོན་བཏང་།
བསོད་མཚོ་ནི་ལས་ལ་བརྩོན་ཞིང་རིག་གནས་ལྡན་པ་དང་རྒྱ་སྐད་ཤེས་ལ་བོད་ཟས་ཀྱང་ལས་མཁས་པའི་བོད་རིགས་བུ་མོ་ཞིག་ཡིན་པས་སྔོ་ཚལ་ཚོང་ཁང་གི་མདུན་གྱི་ཇ་ཁང་བདག་པོས་སེམས་སུ་བབས་ནས་ཟླ་རེར་གླ་ཕོགས་སྒོར1500སྤྲོད་རྒྱུ་བྱས་ནས་ཇ་ཁང་གི་ཞབས་ཞུ་པར་བདེན་ཞུ་བྱས། དེའི་རྗེས་ཁོ་མོས་སྐབས་རེར་སྔོ་ཚལ་ཚོང་ཁང་དུ་བྲེལ་བ་དང་མཚམས་རེར་ཇ་ཁང་ཞབས་ཞུ་ལས་ཀ་ལས་བཞིན་ཡོད་པ་རེད། ཁོ་མོར་ཇ་ཁང་དུ་ལས་ཀ་མང་པོ་ཡོད་དུས་ཁྱོ་ག་ཡིས་ཚོང་ཁང་ལྟ་རོགས་བྱས་པ་དང་། ཇ་ཁང་དུ་སླེབས་མ་ཐག་མགྲོན་པོར་ཇ་སྦོངས་པས་མ་ཚད་ཕྱི་ནང་ཀུན་ཏུ་གཙང་སྦྲ་གང་ལེགས་བྱས་པས་ཇ་ཁང་དུ་ཡོང་མཁན་མང་བ་དང་ཚོང་ལམ་བྲིན་པ་རེད།
ལོ་སྟོད་དུ་ཁ་བ་ཆེན་པོ་ཐེངས་འགའ་ལ་བབས་ཡོད་པས་སྔོ་ཚལ་དང་ཤིང་ཏོག་སྐྱེལ་འདྲེན་རླངས་འཁོར་ཡོང་མི་བདེ་བའི་རྐྱེན་གྱིས་སྔོ་ཚལ་དང་ཤིང་ཏོག་གི་སྤུས་ཚད་ཞན་པར་འགྱུར་བཞིན་པའི་སྒང་ལ་རྫོང་ཞིང་ལས་ལག་རྩལ་མི་སྣས་སྔོ་ཚལ་འདེབས་འཛུགས་ལག་རྩལ་སློབ་ཁྲིད་བྱས་པའི་དུས་དང་འཁེལ་ཡོད་པས། ཁོ་མོས་སློབ་ཁྲིད་ལ་ཡག་པོ་ཉན་པ་དང་ནན་ཏན་གྱིས་ཟིན་བྲིས་འགོད་པས་མ་ཚད་སྔོ་ཚལ་དྲོད་ཁང་ཆེ་མོ་འཛུགས་བསྐྲུན་སྐོར་ལ་ཡང་ནས་བསྐྱར་དུ་རྒྱུས་ལོན་བྱས་པ་རེད། ཉིན་འགའ་སོང་རྗེས་ཁོ་མོས་བེད་མེད་ཤིང་ལེབ་དང་མལ་གདན་མཐུག་པོ། འགྱིག་ཤོག་སོགས་རྒྱུ་ཆ་སྤྱད་ནས་རྒྱ་ཁྱོན་སྨི་གྲུ་བཞི་མ10ཡོད་པའི་སྟབས་བདེའི་སྔོ་ཚལ་དྲོད་ཁང་ཞིག་བསྐྲུན་ཡོད་པ་རེད། དེའི་རྗེས་ཁོ་མོས་ས་གནས་དེ་གའི་གནམ་གཤིས་ཀྱི་དྲོ་གྲང་དང་ཉི་མ་ཡུན་རིང་དུ་གནས་པའི་དགེ་མཚན་བཅས་ལ་དམིགས་ཏེ་དྲོད་ཁང་དུ་ཚོད་དཀར་དང་ཙོང་། པད་ཚལ་ཆུང་ངུ་སོགས་ཚལ་རིགས་འདྲ་མིན་སྣ་ཚོགས་རྨོས་ཡོད་པ་རེད།ཁོ་མོའི་ཚལ་རིགས་རྣམས་སྐྱེས་སྟབས་ལེགས་པས་གྲོང་མི་ཚང་མས་ཉིན་ལྟར་ཉོས་ས་འོང་བ་རེད།
བདེ་ཞིང་སྐྱིད་པའི་འཚོ་བར་རེ་འདུན་བཅངས།
བསམ་གཞིག་ལྡན་ན་མདུན་ལམ་བཟང་ཞེས་པ་ལྟར་ཁོ་མོས་དུས་རྒྱུན་ཇ་ཁང་གི་ཞབས་ཞུ་ལས་དོན་ཁྲོད་ཀྱི་ལས་ཀ་འདྲ་མིན་སྣ་ཚོགས་ལ་བསམ་བློ་བཏང་བས་མ་ཚད་ལྟ་ཞིབ་ཀྱང་བྱས་པ་རེད། ཁོ་མོས་སེམས་སུ་ས་གནས་དེ་གའི་གནམ་གཤིས་ཡག་པོ་ཡིན་པ་དང་ཡུལ་སྐོར་བ་མང་བ། ཇ་ཁང་དུ་འོངས་པའི་མགྲོན་པོ་མང་བ་སོགས་ཀྱི་གོ་སྐབས་བཟུང་ནས་རང་ཉིད་ཀྱི་སྔོ་ཚལ་ཚོང་ཁང་དང་ཐག་མི་རིང་བའི་སར་གྲོང་སྡེ་གཅིག་པའི་གྲོང་མི་འབྲུག་གྲགས་ཚང་གིས་ཐོག་བརྩེགས་གཉིས་པའི་ཁང་པ་སྟོང་པ་དེར་ཟླ་རེར་སྒོར1200ཡི་རིན་གླ་སྤྲད་རྒྱུ་བྱས་ནས་གླ་བ་རེད། དེའི་རྗེས་ཧྲུའུ་ཅི་དང་པོ་དང་གྲོང་ཚོར་བཅའ་སྡོད་བྱས་པའི་ལས་སྒྲུབ་ཚོ་ཆུང་གི་རོགས་སྐྱོར་དང་མཛུབ་ཁྲིད་འོག་ཇུས་འགོད་བྱས་པ་དང་གད་ཕྱིས་གཙང་མ་བཟོས་རྗེས། ཤིང་གི་མལ་ཁྲི་དང་མལ་ཆས་སོགས་ཉོས་ནས་ནང་དུ་སྒྲིག་སྦྱོར་གང་ལེགས་བྱས་ཡོད་ཅིང་། སྒེའུ་ཁུང་ཕྱེ་དུས་ཁོར་ཡུག་གི་རི་བོ་དང་ཆུ་བོ། རྩྭ་ཐང་ཀུན་མཐོང་ཐུབ་པས་ནང་དུ་བསྡད་ན་སེམས་སྤྲོ་ལ་ཡིད་ཁེངས་པ་ཞིག་ཏུ་གྱུར་ཡོད་པ་རེད། ད་ལོའི་སྤྱི་ཟླ4པར་རྫོང་ཡུལ་སྐོར་ཅུས་ཀྱིས་ཞིབ་བཤེར་རྩིས་ལེན་བྱས་ཏེ་ཞིང་ཆེན་རིམ་པའི་ཡུལ་སྐོར་སྣེ་ལེན་གྱི་ཡུལ་མིའི་སྡོད་ཁང་ཚད་ལོན་དུད་ཚང་དུ་རྩིས་ཡོད་པ་རེད།
སྨྱུག་འཛིན་པས་ཡུལ་དངོས་སུ་བཅར་འདྲི་བྱེད་སྐབས་གྲོང་མི་ཚང་མས་བསོད་མཚོའི་བསམ་བློ་དང་ལས་དོན་ལ་མཐེ་བོང་བསྒྲེངས་ནས་བསྔགས་བརྗོད་བྱེད་གིན་འདུག བསོད་མཚོས་ཏང་གི་སྲིད་ཇུས་བཟང་པོ་དང་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་སྔོ་ཚལ་ཚོང་ཁང་གི་ཚོང་ལམ་ནི་ཉིན་བཞིན་ཇེ་ཡག་ཏུ་འགྲོ་བཞིན་པ་དང་། ཇ་ཁང་ནི་ཚང་མའི་སྤྲོ་གསེང་བྱེད་ས་ཞིག་ཏུ་གྱུར་འདུག དབྱར་དུས་སུ་གཡུ་ཁོག་རྩྭ་ཐང་དུ་ཡུལ་སྐོར་ཡོང་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པས་རྗེས་མར་རང་ཉིད་ཀྱི་སྒོ་ཁར་ཡུལ་སྐོར་ཟས་རིགས་བཙོངས་ནས་རང་རང་གི་སྒོ་ཁ་ནས་ཡོང་འབབ་འཕར་སྣོན་བཏང་སྟེ་སོ་སོའི་འཚོ་བར་འགྱུར་ལྡོག་གཏང་དགོས་ཅེས་བཤད་གིན་འདུག རྒྱ་གྲོང་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་མར་ཀན་རུང་གིས་ངེད་གྲོང་རྡལ་གྱིས་ཐོག་མཐའ་བར་གསུམ་དུ་མང་ཚོགས་དབུལ་ཕོངས་ལ་དོ་ཁུར་དང་ཐུགས་ཁུར་བྱས་ནས་ཏང་གི་ཐུགས་ཁུར་དང་དྲོ་སྐྱིད་བརྒྱུད་སྤྲོད་གནད་དུ་འཁེལ་བར་བྱས་ཡོད་ཅིང་། མ་ཚད་པར་དབུལ་སྐྱོར་སྲིད་ཇུས་དང་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་ཡོད། མིག་སྔར་གྲོང་རྡལ་ཡོངས་སུ་སྐྱེ་ཁམས་གསོ་སྤེལ་གྱིས་གཙོ་བོ་བྱས་པའི་ཀྲུང་ལུགས་དང་བོད་ལུགས་ཀྱི་སྨན་རྩྭ་འདེབས་འཛུགས་དང་ཡུལ་སྐོར་སྣེ་ལེན་སོགས་ཐབས་ཤེས་སྣ་མང་གི་སྒོ་ནས་ཡོང་འབབ་འཕར་སྣོན་གཏོང་ངོ་སྤྲོད་བྱས་ཡོད་ཅེས་བཤད་པ་རེད།།