བསླབ་བྱ་ཐོར་བུ་ཀ་ཕྲེང་དུ་སྦྱར་བ་གླེན་པའི་དྲང་བརྗོད།
སྐལ་བཟང་ནོར་བུ། (དཀར་མཛེས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-02
ཀྭ་ཡེ་ཞེས་ནས་གཞན་ལ་ཀི་སྒྲ་བཏབ་མོད་ཀྱང་།།
ཁ་ཡི་རྐན་པ་འོག་ནས་སླེབས་དུས་དབུགས་ཚུར་འབྱིན།།
ག་ལེར་བསམ་ན་སྤྱོད་པ་འདི་ཚོ་ཐ་རེ་ཤལ།།
ང་རང་ཉམས་པའི་རྒྱུ་རུ་འགྲོ་བས་བཤོལ་ན་དགའ།།
ཅ་ལག་སྣ་མིན་སྣ་ཚོགས་བཤམ་པའི་ཁྲོམ་ར་ན།།
ཆ་ལུགས་ངན་པས་དངོས་པོ་ཚོལ་བརྐུས་བྱེད་པའི་ཚེ།།
ཇ་ཁུ་ཙམ་ཡང་མི་སྟེར་མུན་ནག་བཙོན་ཁང་ནང་།།
ཉ་མོ་སྐམ་སར་སླེབས་ལྟར་གྱོང་ཁ་རང་གིས་མྱོང་།།
ཏ་ཐཱ་ག་ཏའི་དགོངས་པ་ཕྱོགས་ལ་འབད་དགོས་ཀྱང་།།
ཐ་ཚིག་བཞིན་དུ་མི་ལ་སྒྲོག་པ་རྔོ་མི་ཐོགས།།
ད་ཆའི་དུས་ལ་ཆོས་ཀྱི་ལག་ལེན་ཏིལ་འབྲུ་ཙམ།།
ན་ཆུང་རྒན་གཞོན་སུས་ཀྱང་བྱེད་པར་ཤིན་ཏུ་གལ།།
པ་ཏྲ་རི་མོ་མཚུངས་པའི་སྤྱི་ཚོགས་ཆེན་པོ་འདིར།།
ཕ་མེས་བཞག་པའི་སྲོལ་རྒྱུན་རིག་གནས་རྒྱུན་བཟུང་ནས།།
བ་དན་སྲིད་གསུམ་གཡོ་བའི་དེང་རབས་ཚན་རྩལ་ལ།།
མ་རྒན་སེམས་ཅན་བདེ་བ་བསྐྲུན་ཆེད་འབད་པ་གྱིས།།
ཙ་རི་གནས་སྐོར་འབུངས་པ་བཞིན་དུ་དུས་ནམ་ཡང་།།
ཚ་གྲང་བཀྲེས་སྐོམ་སྡུག་བསྔལ་སོགས་ལ་མགོ་མི་སྒུར།།
ཛ་དྲག་ཆེ་བའི་སྐྱིད་སྡུག་འདྲེས་མ་གང་བྱུང་ཡང་།།
ཝ་མོའི་གཡོ་སྒྱུ་དོར་ནས་རང་ཚུགས་ཟིན་པར་གྱིས།།
ཞ་ཀྱོག་ཞར་བ་མི་སྡུག་སོགས་ཀྱིས་སློང་བྱེད་ཚེ།།
ཟ་མ་སྒོར་མོ་གང་ཡང་ཕ་རོལ་མ་སྟེར་ཡང་།།
འ་ཆད་འུ་ཐུག་འདི་ཚོར་བྱམས་དང་སྙིང་རྗེའི་སེམས།།
ཡ་ཐོད་ཀླད་པ་ནང་དུ་རྟག་ཏུ་གཅེས་པར་ཟུངས།།
ར་གན་གསེར་བརྫུས་ཅན་གྱི་རང་སེམས་རྡོག་པོ་འདི།།
ལ་ངེ་ལིང་ངེ་སྒྱིད་ལུགས་ཕྱོགས་ལ་ཤོར་མི་རུང་།།
ཤ་ཕྲག་གདོས་བཅས་ཕུང་པོ་ལེགས་པ་རབ་སྤྱད་ནས།།
ས་ཁམས་འདི་ན་རང་གཞན་ཕན་པའི་བསོད་ནམས་སྒྲུབས།།
ཧ་གཉིད་སད་པའི་བསམ་ཡོད་མི་ཆེན་ང་རང་ཚོར།།
ཨ་ལེ་གསལ་འདེབས་ཚུལ་དུ་གང་ཤར་བྲིས་པ་ཡིན།།