འཇིག་རྟེན་པའི་མགུར།
འོམ་བུ། (ཛམ་ཐང་) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-02
ང་ཡི་འགྲུལ་བ་རེ་རེའི་གདོང་ལ་བལྟས།།
གདོང་གི་འཛུམ་དང་སྐྱོ་བའི་ཉམས་ལ་བལྟས།།
བསྟན་བཤིག་ཚ་བའི་བྱིས་པའི་བཞིན་ལ་བལྟས།།
ལྟ་བཞིན་ལྟ་བཞིན་ང་ཡི་གདོང་ནི་བོར།།
ལམ་གྱི་ཁ་བ་མར་མར་ས་ལ་ཐིམ།།
སེམས་ཀྱི་སྐྱོ་བ་རེ་རེ་སྲོག་ལ་སིམ།།
སྲོག་གི་དབང་པོ་རེ་རེ་འགགས་ན་ཡང་།།
སྐྱོ་བའི་སྡུག་བསྔལ་ཆུ་ཡི་རྦ་རླབས་བཞིན།།
ང་ཡི་ལམ་ཐག་ཚེ་ཡི་འཇའ་ཚོན་ཡིན།།
མེ་ཡི་དྲོད་དང་རླུང་གི་བསིལ་བ་ཡོད།།
ང་ཡི་ཚེ་གྲོགས་མཚན་མོའི་གློག་ཞགས་ཡིན།།
སེམས་ཀྱི་བྲག་ལ་མེ་ཏོག་གློ་ཁ་སྐྱེས།།
ས་ཚུགས་ཤིག་ནས་ང་ཚོ་མཉམ་དུ་འཛོམས།།
འབབ་ཚུགས་ཤིག་ནས་ང་ཚོ་སོ་སོར་གྱེས།།
སླར་ཡང་ས་ཚུགས་ཤིག་ནས་འཕྲད་པའི་ཚེ།།
ང་ཚོའི་གདོང་ནི་སྤྲུལ་གྱི་ཤུན་སྐོགས་ཙམ།།
བུ་ག་དོག་པའི་སེམས་ཀྱི་ཨི་ཁུང་དུ།།
སྐྱོ་བའི་ཕག་པ་ནག་པོས་ཉུལ་ཉུལ་བྱས།།
ཡངས་རྒྱ་ཆེ་བའི་འཇིག་རྟེན་སྐྱ་བོ་འདིར།།
མི་ཚེའི་རི་མོ་གང་དང་ཅི་ལ་འབྲི།།
མཚོན་ཆ་མེད་པའི་འཇིག་རྟེན་གཡུལ་ངོགས་འདིར།།
ས་སྨྱུག་དཀར་པོ་སྤྱད་དེ་ནག་པོ་བརྫད།།
བསྟུད་མར་ནག་པོ་སྤྱད་དེ་དཀར་པོ་སྣོག །
ཡང་སྙིང་གང་དང་ཅི་ཞིག་རྙེད་དགོས་སམ།།
ཁྱོད་ཀྱི་སྟངས་ཀ་སྣ་ཚོགས་འགྱིང་བཞིན་བསྟན།།
ཁོ་མོའི་གདོང་ལ་ཚོན་རྩི་སྣ་ཚོགས་བྱུག །
འོན་ཀྱང་སེམས་ཀྱི་སྒོ་མོ་ཕྱེས་པའི་ཚེ།།
དབུལ་ཕོངས་དབུལ་ཕོངས་མིན་པ་སུ་མི་འདུག།