ཁྱོད་འདྲ་ཉུང་ཉུང་ཡིན།

མཚོ། (མཚོ་སྔོན) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-02


རྨ་ཕར་རི་ཚུར་རི།

མཚམས་མཚམས་སུ་སྤྲིན་པས་གནམ་མཐའ་བརྐྱངས།

སྐབས་སྐབས་སུ་ཉི་འོད་ཀྱིས་སེམས་མཐའ་བསྲིངས།

ཆུ་མོ་ལན་རེར་དྭངས་ཤིང་ལན་རེར་རྙོག

རླུང་བུ་ལན་རེར་དལ་ཞིང་ལན་རེར་མགྱོགས།

ཡིན་ནའང་སྟོད་ཀྱི་གངས་ཀྱི་ལྷུན་པོ་གན།

སྔར་བཞིན་དཀར་ཞིང་གཙང་།

སྔར་བཞིན་སྲ་ཞིང་བརྟན།

ཁྱོད་འདྲ་ཉུང་ཉུང་ཡིན།

སེམས་ཀྱི་ཕྱི་དང་ནང་།

མཚམས་མཚམས་སུ་བདེན་པས་ཡ་ཆུང་གསལ།

སྐབས་སྐབས་སུ་ཚུལ་འཆོས་ཀྱི་མུན་པས་གཡོགས།

དུངས་སེམས་མཚམས་རེར་འཕྱོ་ཞིང་མཚམས་རེར་འཇགས།

ཆོད་སེམས་ལན་རེར་བརྟན་ཞིང་ལན་རེར་འཁྱོར།

ཡིན་ནའང་སྨད་ཀྱི་སེམས་སོང་སྙིང་སྡུག་གན།

སྔར་བཞིན་སྒམ་ཞིང་བརླིང་།

སྔར་བཞིན་གཞུངས་ཤིང་བྱམས།

ཁྱོད་འདྲ་ཉུང་ཉུང་ཡིན།

ཁྱོད་འདྲ་ཉུང་ཉུང་ཡིན་ཏེ།

དུས་ཚོད་ཀྱི་ཧྲག་བར་ནས་ངང་སྒུག་གི་སེམས་པ་བསྐུངས་པའི་ཁྱོད་འདྲ་ཉུང་ཉུང་ཡིན།

ཡ་ཆུང་གི་གཏིང་རུམ་ནས་གསང་ཚིག་གི་ལྡེ་མིག་འབོར་བའི་ཁྱོད་འདྲ་ཉུང་ཉུང་ཡིན།

འཛུམ་འཚེར་གྱི་ཡོལ་རྒྱབ་ལ་ཉམ་ཆུང་གི་སེམས་པ་སྦ་མཁན་ཁྱོད་འདྲ་ཉུང་ཉུང་ཡིན།

ཁ་ཚིག་གི་ཟུར་ཁ་རུ་ཡ་ཆུང་སྙི་མོའི་དཔངས་མཐོ་བ་ཁྱོད་འདྲ་ཉུང་ཉུང་ཡིན།

ཡིན་ཏེ།

མིག་ལ་མཛེས་པ་ཁྱོད་འདྲ་ཉུང་ཉུང་ཡིན།

ཡིད་དུ་འོང་བ་ཁྱོད་འདྲ་ཉུང་ཉུང་ཡིན།




རྒྱང་རིང་མ་ཡིན་པའི་རྒྱང་རིང༌།

འུ་གཉིས་ཀྱིས། དཔའ་སྙིང་ཆེན་པོས།

རང་རང་གི་འཇིག་རྟེན་ནས།

འཇིག་རྟེན་གྱི་ཕྱེད་ཀ་རེ་བསྐྱུར་ཏེ།

ཅི་ཞིག་གི་ཆེད་དུ་གདོང་མཆོང་བྱེད།

ཁྱེད་ཀྱིས་ཅི་ཡང་རྟོགས་ཡོད་པ་བཞིན།

ངས་ཀྱང་ཁྱེད་ཀྱི་ཆེད་དུ་གང་ཡང་ཚོར་ཡོད།

གང་བུ་གྲོལ་མ་ཐག་པའི་ན་ཟུག་སུ་ཡིས་རྟོགས་ཨང་།

འདབ་གཤོག་བརྐྱང་མ་ཐག་པའི་ཐེ་ཚོམ་སུ་ཡིས་ཤེས་ཨང་།

དགུང་ཨ་སྔོན་འཁོར་ལོའི་རྩིབས་བར་ནས།

ཁྱེད་ནི་རྒོད་པོ་ཞིག་གམ་གཡུ་སྦྲང་ཞིག

ས་དོག་མོ་པདྨའི་འདབ་སྟེང་ནས།

ང་ནི་མེ་ཏོག་གམ་རྩྭ་ལྗང་ཞིག

ཁྱེད་ཉིད། མཐོན་པོ་རི་ལ་བབས་ཏེ་རྒྱང་ལ་ལྟ་ཞིང་།

དམའ་མོ་རྡེའུར་ཁེན་ནས་ངལ་ཞིག་གསོ་འམ།

ང་ཡིས། ཨ་སྔོན་དབྱིངས་ལ་ཅེར་ནས་རེ་སྒུག་བྱས་ཤིང་།

དོག་མོ་ས་ལ་བལྟས་ནས་དངན་པ་རེ་འཐེན་ནམ།

གང་ལྟར། དཔུང་བ་མཉམ་བཤིབ་ཀྱི་བར་ན།

རི་ཆུས་བར་ཐག་ཆོད་པ་གསལ་བས།

ཞག་གཅིག་གི་ལྷན་འཛོམས་དང་རྨི་ལམ་རེ།

ཉིན་གཅིག་གི་བརྩེ་བ་དང་གྱེས་བྲལ་རེ།

ད་ནི། མི་ཚེ་ལ་བཞག་པའི་ཚེག་ཐུང་རེ་ཡིན་དུ་ཆུག་ཀྱང་།

དགའ་དགོད་དང་ངུ་ངག་གི་དབྱངས་རྟའི་ཁུགས་སོ་རེ་ན།

བྱམས་བརྩེའི་མཛེས་པ་རེ་འཁྱིལ་ཡོད་པས།

འུ་གཉིས་ནི།

ཕན་ཚུན་གྱི་སེམས་ངོགས་སུ་འཚེར་བའི།

མཛེས་སྡུག་གི་སྐར་མ་འོད་ཆེན་རེ།


རྩོམ་ཡིག་སྔོན་མ།
འཇིག་རྟེན་པའི་མགུར།
རྩོམ་ཡིག་རྗེས་མ།
ཁ་བ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1