ཁ་བ།
མཛོད་འཕྲིན། (དཔལ་ཡུལ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-02
དེ་རིང་ཁ་བ་འབབ་བྱུང་།
སྔར་ལོ་བཞིན་ཡང་བསྐྱར་ཁ་བ་འབབ་བྱུང་།
ཁ་བའི་མེ་ཏོག་གི་འདབ་མ་རེ་རེའི་སྟེང་ཁྱོད་དང་ངའི་རྨི་ལམ་དེ་འཁྱིལ་ཡོད།
སྤང་ཐང་གི་ལུག་ཁྱུ་ལས་དཀར་བའི་ཁ་བ།
བས་མཐའ་ཡི་སྤྲིན་པ་ལས་ཡག་པའི་ཁ་བ།
དུས་དེ་རིང།
ཁྱེད་རང་བྲེལ་བྲེལ་འཚུབ་འཚུབ་ངང་བབས་བྱུང་ལ།
ཡང་ན། ལྷོད་ལྷོད་དལ་དལ་གྱིས་བབས་བྱུང་།
ངག་རྒྱུན་དུ།
ཁ་བ་ནི་ལྷ་ཡི་ཕོ་ཉ་དེ་ཡིན་ཟེར་ལ།
ཁ་བ་ནི་ལྷའི་དངོས་གྲུབ་ཀྱང་ཡིན་ཟེར།
མཛེས་སྡུག་གི་རྨི་ལམ་རུམ་གང་འཁུར་ཞིང་།
ཡིད་དུ་འོང་བའི་ཡིད་རྟོན་ཟོ་གང་འཁྱེར་ནས་སླེབས་བྱུང་།
ལོ་ཟླ་འདིར་ཁ་བ་འབབ་པ་ཉུང་ཉུང་རེད།
དུས་རབས་འདིར་རྨི་ལམ་འཁྱེར་བའི་ཁ་བ་དེ་ལས་ཀྱང་ཉུང་ཉུང་ཡིན།
འོན་ཀྱང་།
ངས་མཛེས་སྡུག་གི་ཁ་བ་དེའི་ལང་ཚོ་བཏུས་ཡོད།
ཡིད་འོང་གི་ཁ་བ་དེའི་བྲོ་བ་མྱོང་ཡོད།
དེ་ནི་ང་རང་ཁ་བ་ལ་དུང་བས་ཡིན།
དེ་ནི་ང་རང་རྨི་ལམ་ལ་དགའ་བས་ཅི་ལ་མིན།
རྨི་ལམ་ལྟ་བུའི་ཁ་བ་འམ།
ཡང་ན་ཁ་བ་ལྟ་བུའི་རྨི་ལམ།
ངའི་དགའ་སྐྱོ་ཆགས་སྡང་གི་ཚོར་འདུ་དྲག་པོ་དེ་ཁྱོད་ལ་བྱོས་ཡོང་།
ངའི་འདས་མ་ད་གསུམ་གྱི་བརྩེ་བ་དམར་པོ་དེ་ཁྱོད་ལ་སྟོན་ཡོང་།