ཡུལ་གྱར་བ།
དུར་སྲི། (ལན་གྲུ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-02
ལོ་མང་ཡུལ་གྱར་གྱི་འཚོ་བས།
ལང་ཚོའི་མེ་ཏོག་གི་ངོས་སུ་གས་ཁ་ཤོར།
གཡོལ་ཐབས་མེད་པའི་ལས་དབང་བཞིན།
སྐྱོ་སྡུག་གི་རླངས་པའི་ངོས་ཀྱི་ཆུ་རྡུལ་དང་ཟིལ་བ།
སྐྱ་མོ་ལམ་དུ་བྲིས་པའི་མི་ཚེ་བཞིན།
ཟླ་འོད་མེད་པའི་ཁང་ཁྱིམ་སྟོང་བ་འདི་ནས།
ཁུ་སིམ་མེར་བསམ་གཞིགས་བགྱིས་པ།
རང་གི་ཚེ་སྲོག་ལ་སྡིག་བཤགས་བྱས་པ་ཡིན།
ཉི་མ་དམར་ཐག་ཆོད་པའི་རྒྱང་རིང་གི་ས་སྲོད་ལ་ཅེར་བཞིན།
འཇིག་ལ་ཉེ་བའི་སྲིད་པའི་སྒོ་མོ་ཡང་ཡང་བརྡུངས།
འབབ་ཚིགས་མ་རྙེད་པའི་བྱ་གླག་ཅིག་གི་རྨི་ལམ།
འབྱམས་ཀླས་པའི་ས་སྲོད་དེར།
བྱེ་རླུང་དང་ཐལ་རྡུལ་དུ་གྱུར་ནས་སྟོང་བའི་དབྱངས་སུ་འཐིམ།
ལག་ཏུ་སྒྲོན་མེ་བཏེགས་ཏེ།
འཆི་བའི་ངོ་གདོང་ལ་ཡང་ཡང་བལྟས་ཀྱང་།
ཕོ་ལོ་ཉི་ཤུའི་ལང་ཚོའི་རྗེས་ཤུལ།
ས་ཁྲའི་ངོས་ནས་དག་ཞིང་འཚོལ་བ་ལྟར་ནག་འཐོམས་མེར།