ཁྱོད།
གཡུ་རྔོག་ལུང་རྟོགས། (དཀར་མཛེས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-02
༡
དུས་ཚོད་ནི་གཙང་བོ་ཞིག་གི་ཟོལ་གྱིས།
གད་སྙིགས་ལྟ་བུའི་ཕྱིར་དྲན་མཐའ་དག་ལ།
གཙང་དག་བྱས་རྗེས་ཀྱི་མེ་ལོང་དུ།
ཁྱོད་ཀྱིས་རི་ཁྲོད་ཀྱི་སྒྲུབ་ཕུག་དམར་པོ་ཞིག
ནགས་ཚལ་གྱི་སྙིམ་པར་ཡང་ཡང་བྲིས།
ཁྱོད་ཀྱིས་གྲེ་བ་ཡང་ཡང་བསལ་ཏེ།
སྐྱོ་ལ་སྡུག་པའི་མི་ཡུལ་ཞེས་པའི་ལུང་པ་འདིར།
དགའ་སྐྱོ་ཆགས་སྡང་གི་བསྲེས་སྦྱོར་ལས་ཐོན་པའི།
དབྱངས་རྟ་ཆག་རོ་ཞིག་ཏུ་གསང་གཏམ་བཅུད་སྟེ།
བརྗོད་འདོད་པའི་ཐག་སྣེ་ཞིག་ཡང་ཡང་བསྟན་བྱུང་།
སྙིང་ཉེ་བ་མཐའ་དག
ཚིག་གི་རོལ་རྩེད་ལས་རྙེད་པའི།
རི་སྒང་གི་སྨུག་པ་སྐྱ་བོ་ནང་བཞིན།
གར་འགྲོ་གར་འདུག་གི་ངེས་པ་མེད་པར།
ཁྱོད་ཀྱི་རུམ་ལ་མེ་ནུར་ལྡུག་བྱེད་ཀྱི་སྐམ་པར་གྱུར།
ཁྱོད་ཀྱི་སྐྱོ་ངལ་དང་མིག་ཆུ་ལས།
རི་མགོའི་དར་ལྕོག་ལ་སྨྲེང་བ་ཡང་ཡང་བསྐུར།
སུ་དང་གང་གིས་མི་ཚོར་བའི།
ཁྱོད་ཀྱི་ནང་སེམས་ཀྱི་དགའ་སྐྱོ།
དགའ་སྐྱོའི་ཆགས་སྡང་གི་རི་མོ།
རི་མོའི་གསེབ་ཏུ་བཅུག་པའི་བརྡ་དོན་སྐྱ་བོ།
ཡུན་རིང་ལ་ལྕགས་ཟྭ་བརྒྱབ་པའི།
སྒམ་ཆུང་ཞིག་དང་ཀུན་ནས་མཚུངས།
ཁྱོད་ནི་མྱ་ངན་ཐང་ན།
གསོན་པར་རེ་ཐག་ཆོད་པའི
ཡུལ་གྱར་བ་ཞིག་ནང་བཞིན
འཆི་བ་ལ་རྒྱབ་བསྙེས་ཏེ
སྐྱོ་ངལ་གྱི་ཕྱིར་མིག་མདའ་མོས་འཁོར་བ་ལ།
ཁེར་རྐྱང་གི་ཉམས་ལེན་ལས་སྐྱེས་པའི།
ཀློང་རྡོལ་བའི་ཚོར་བའི་མངའ་ཐང་ཆེན་པོ་ཞིག
ཡང་ཡང་སྐྱེས་སུ་འདེགས་འདོད་ཀྱི།
སྐོམ་པའི་སྲེད་པ་སྐྱེས་མྱོང་བ་བདེན་ཨང་།
༢
རྨི་ལམ་གྱི་གཤོག་པར་བྲིས་ཀྱང་།
འདེགས་པར་དཀའ་བའི་སྐྱོ་ངལ།
གཞས་ལ་ཉན་བཞིན།
སེམས་ཀྱི་གས་སྲུབས་ལ།
མེ་ཏོག་གི་ལྷན་པ་རྒྱག་པའི།
ཁྱོད་ནི་རང་ཉིད་ཀྱི་གྲིབ་གཟུགས་ནང་།
སྐྱེ་འཆིའི་གསང་བ་ལ།
མཆན་བུ་འདེབས་པའི
སྨྱོན་པ་ལྟ་བུའི།
མི་ལྷག་གཞན་ཞིག་རེད།
ཡུན་རིང་ཞིག་འགོར་རྗེས།
ཁྱོད་ཀྱིས་དཀར་ཡོལ་ཁ་རུ་འཁྱིལ་བའི།
འོ་སྤྲིས་ལ་ཕུ་ཞིག་བཏབ་རྗེས།
སྨུག་པ་འཐིབས་པའི།
རྫ་རི་རོག་རོག་ཅིག
ཁྱོད་ཀྱི་མིག་གཡས་གཡོན་གཉིས་ལ་ཟུག་ཡོང་།
རི་གླུའི་དབྱངས་དང་འདྲེས་པའི།
གཡང་དཀར་འབའ་སྒྲ་ཞིག
ཁྱོད་ཀྱི་རྣ་གཡས་གཡོན་གཉིས་ལ་ཟུག་ཡོང་།
མེ་ཏོག་གི་བསུང་ངད་ཞིམ་པོ་ཞིག
ཁྱོད་ཀྱི་སྣ་གཡས་གཡོན་གཉིས་ལ་ཟུག་ཡོང་།
ཏིང་ངེ་འཛིན་དེ་ལས་ལངས་རྗེས།
ཁྱོད་ཀྱིས་ཡང་བསྐྱར།
འཁོར་བ་ཞེས་པ་འདི།
དཀར་ཡོལ་འཚོ་འཚོ་ཞིག
བྱེད་ཨང་སྙམ་པའི་རྐན་སྒྲ་འབྱིན།
དོན་དམ་པར་ཁྱོད་ནི་འཁོར་བ་ལས།
གོམ་པ་གང་སྔུན་ནུར་བྱས་མེད་ནའང་།
ཁྱོད་ཀྱིས་ཡང་དང་བསྐྱར་དུ།
འཁོར་བ་ལས་ཁེར་རྐྱང་ཁུར་ཏེ།
ཡུལ་ཕྱོགས་གཞན་ཞིག་གི།
མགྲོན་པོར་སྟ་གོན་བགྱིད།