ཞིན་ཅིན་ཕེན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་སྐྱོང་དགོངས་པ་ནི་ཏང་གི་བོད་སྐྱོང་དགོངས་པའི་ཇུས་གཞི་ཆེན་མོའི་རྒྱུན་མཐུད་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ཤིག་ཡིན་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་དང་། མ་ལག་འཐུས་ཚང་ཞིང་གཏན་ཚིགས་ཚགས་དམ་པ། ཕན་ཚུན་འབྲེལ་ཆགས་པའི་བསམ་བློའི་གཞུང་ལུགས་ཀྱི་མ་ལག་ཅིག་ཡིན། ཞི་ཅིན་ཕེན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་སྐྱོང་དགོངས་པ་བོད་ལྗོངས་དང་བོད་ཁུལ་ཞིང་ཆེན་ལྔར་ལག་ཏུ་བསྟར་ཏེ་གྲུབ་འབྲས་མངོན་གསལ་བླངས་ཤིང་། བོད་ཁུལ་དཔལ་འབྱོར་སྤྱི་ཚོགས་རྒྱུན་རིང་བའི་འཕེལ་རྒྱས་དང་ཁྲིམས་ལྟར་བཅོས་སྐྱོང་ལ་ཕན་ནུས་ལྡན་པའི་སྐུལ་འདེད་བཏང་ལ། དམངས་འཚོའི་འགན་སྲུང་ལ་མངོན་གསལ་གྱིས་ཤུགས་བསྣན་པ་དང་རྨང་གཞིའི་སྒྲིག་བཀོད་མུ་མཐུད་འཐུས་ཚང་དུ་བཏང་ནས། བོད་ཁུལ་ལས་དོན་གྱི་ལོ་རྒྱུས་གསར་བ་བརྩམས་ཤིང་དུས་རབས་གསར་བར་སླེབས།
བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་ཏང་ཨུའི་སྲིད་གཞུང་གིས་ཞི་ཅིན་ཕེན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་ཏུ་སྤེལ་ཞིང་། ཞི་ཅིན་ཕེན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་སྐྱོང་དགོངས་པ་ནན་ཏན་གྱིས་ལག་ཏུ་བསྟར་ཏེ། འཕེལ་རྒྱས་དོན་དུ་གཉེར་བ་དང་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། བརྟན་བརླིང་ལ་ཁག་ཐེག་བྱེད་པ། ཏང་འཛུགས་ལ་ཤུགས་སྣོན་པ་བཅས་ཀྱིས་ཁ་ཕྱོགས་སྔར་ལས་གསལ་བ་དང་འཕེལ་རྒྱས་ཀྱི་རིམ་པ་མཚམས་མི་ཆད་པར་འཕར་བ། དགེ་མཚན་རིམ་གྱིས་འདོན་པ། སྒུལ་ཤུགས་རྒྱུན་མཐུད་ངང་ཤུགས་དྲག་ཏུ་བཏང་།
གཅིག གྲུབ་འབྲས་གལ་ཆེན།
1. བོད་ཁུལ་དཔལ་འབྱོར་སྤྱི་ཚོགས་ལ་ཡུན་རིང་བའི་འཕེལ་རྒྱས་བྱུང་།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱིས་རྒྱལ་ཁབ་ནས་བོད་ཁུལ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་འཐབ་ཇུས་ཀྱི་གོ་སྐབས་བཟང་པོ་དམ་གྱིས་བཟུང་ནས། བེད་ལེགས་པར་སྤྱོད་ཅིང་བབ་ལ་བསྟུན་པ་དང་། "གནས་ལྔ་གཞི་གཅིག"གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་འཆར་འགོད་ལ་སྐུལ་འདེད་བཏང་ཞིང་། "ཁྱོན་ཡོངས་བཞིའི"འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་བཏང་ལ། མི་དམངས་གནད་དུ་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས། འཕེལ་རྒྱས་ཀྱི་ལྟ་གྲུབ་གསར་བ་གཞོམ་མེད་དུ་བཙུགས་པ་དང་། འགྲིམ་འགྲིལ་དང་ཆུ་བེད། ཆ་འཕྲིན་ཅན། མཁར་གྲོང་ཅན་སོགས་དམངས་ཀྱི་འཚོ་བར་དམ་དུ་འབྲེལ་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཡར་ཐོན་གང་ལེགས་ཐོན་ཏེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས། བོད་ལྗོངས་དཔེ་རུ་བཀོད་ན2013ལོ་ནས2017ལོའི་བར་བོད་ལྗོངས་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་ཐང་འཕར་ཚད་བསྟུད་མར་ལོ་ལྔའི་ནང་རྒྱལ་ཡོངས་ཀྱི་སྔོན་མ་གསུམ་དུ་ཚུད་ཅིང་། ལོ་རེའི་འཕར་ཚད10.8%ཡིན་པས་རྒྱལ་ཡོངས་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་ཚེག4མཐོ་བ་དང་། ལོ་ལྔ་བསྡོམས་ན་སྤྱི་ཚོགས་ཡོངས་ཀྱི་བརྟན་ནོར་དངུལ་གཏོང་སྒོར་དུང་ཕྱུར7039བསགས་ཡོད། 2017ལོར་མཚོ་སྔོན་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་ཐང་སྒོར་དུང་ཕྱུར2642.8ལ་སོན་ཏེ་སྒོར་དུང་ཕྱུར་སྟོང་གི་སྟེགས་བུ་གཉིས་པར་བརྒལ་ཞིང་། ལོ་རེའི་ཆ་སྙོམས་སུ8.7%འཕར་བ་དང་ཞིང་ཆེན་སྤྱིའི་ནོར་སྲིད་ཀྱི་སྒོར་དུང་ཕྱུར1650.8དུ་སོན་ལ། སྤྱི་ཚོགས་འཛད་སྤྱོད་ཐོན་རྫས་ཕྱིར་འཚོང་གི་སྤྱིའི་ཚད་ལོ་རེར11.8%འཕར། མཚོ་སྔོན་གྱི"སྒོར་དུང་ཕྱུར་སྟོང་བཞིའི"ཐོན་ལས་དང"སྟོང་ཝ་རིམ་པ་ཁྲི་སྟོང"གི་སླར་གསོ་ཐུབ་པའི་ནུས་ཁུངས་རྟེན་གཞི་གཉིས། "ལྗང་མདོག་ཐོན་ལས་ལག་རྩལ་མ་ལག་ཆེན་པོ་བརྒྱད"ཐོག་མར་གྲུབ་པ་དང་། འཁོར་སྐྱོད་ཐོན་ལས་ཀྱི་འཕར་ཐང་གིས60%ཟིན་ཏེ་རྒྱལ་ཡོངས་ཀྱི་ཆེས་ཆེ་བའི་སྐྱེ་ལྡན་ཕྱུགས་ལས་ཐོན་སྐྱེད་ཀྱི་རྟེན་གཞི་མཚོ་སྔོན་དུ་ཚུགས། 2016ལོར་སི་ཁྲོན་བོད་ཁུལ་གྱི་ཐོན་སྐྱེད་སྤྱིའི་ཐང་སྒོར་དུང་ཕྱུར540.86ལ་སོན་པ་དང་། 2012ལོ་ནས2016ལོའི་ལོ་རེར7.5%འཕར་ཏེ་ཞིང་འབྲོག་མི་དམངས་ཀྱི་མི་རེར་རམ་འདེགས་ཡོང་འབབ་སྒོར9778ཐོབ་པས2012ལོའི་སྒོར5077དང་བསྡུར་ན་ལྡབ་གཅིག་ཉེ་བར་འཕར། 2017ལོར་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་ཐང་སྒོར་དུང་ཕྱུར199ཡོངས་སུ་འགྲུབ་ཅིང10%འཕར་བ་དང་བརྟན་ནོར་གྱི་དངུལ་གཏོང་སྒོར་དུང་ཕྱུར365སོན་ཞིང16%འཕར། མཁར་གྲོང་གི་རྒྱུན་འདུག་སྡོད་དམངས་ཀྱི་མི་རེའི་རམ་འདེམས་ཡོང་འབབ་སྒོར32088ཐོབ་ཅིང9%འཕར་བ་དང་། ཞིང་སྡེའི་རྒྱུན་འདུག་སྡོད་དམངས་མི་རེའི་རམ་འདེགས་ཡོང་འབབ་སྒོར7800ཐོབ་ཅིང10%འཕར།
2. བོད་ཁུལ་ཁྲིམས་ལྟར་བཅོས་སྐྱོང་ལ་གོམ་ཁ་བརྟན་པོས་སྐུལ་འདེད་བཏང་།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བོད་ལྗོངས་དང་བོད་ཁུལ་ཞིང་ཆེན་བཞིས་ཐབས་ཤེས་གང་མང་བཏོན་ཏེ་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ལ་སྲུང་སྐྱོབ་དང་ནན་ནན་ཏིག་ཏིག་སྒོས་ཁྲིམས་ལྟར་བོད་སྐྱོང་ལ་སྐུལ་འདེད་བཏང་། སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་རྒྱུན་མི་ཆད་པ་དང་མི་དམངས་ནང་ཁུལ་གྱི་འགལ་བ་ནུས་ལྡན་དོན་གཅོད་ལམ་སྲོལ་སྔར་ལས་འཐུས་ཚང་དང་བོད་ཁུལ་ཁྲིམས་སྐྱོང་ལ་གོམ་ཁ་བརྟན་པོས་སྐུལ་འདེད་བཏང་། 2016ལོར་བོད་ལྗོངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་དཔྱད་བསྡུར་རྒྱལ་ཡོངས་ཀྱི་ཕུལ་བྱུང་གི་གྲས་སུ་ཚུད་ཅིང་། བདེ་འཇགས་ཐོན་སྐྱེད་དོན་རྐྱེན་གྱི་བརྒལ་ཚད་དང་ཤི་ཕྱོད་མི་གྲངས་བསྟུད་མར་ལོ་ལྔར"གཉིས་ཀ་མར་ཆགས"ཏེ། རིགས་སོ་སོའི་མང་ཚོགས་ཀྱི་བདེ་འཇགས་ཚོར་བ་རྒྱུན་མཐུད་ཀྱིས99%ཡན་དང་འདོད་བློ་ཚིམ་ཚད་མཐོ་ཤས་སུ་ཆགས། མཚོ་སྔོན་དུ་ཏང་གི་མང་ཚོགས་ལམ་ཕྱོགས་རྒྱུན་འཁྱོངས་དང་འགན་འཁུར་གཙོ་བོ་ལག་ལེན་ནན་ཏན་གཏོང་བ་དང་། ཁྲིམས་ལྟར་བཅོས་སྐྱོང་སྐུལ་འདེད་གཏིང་ཟབ་དུ་སྤེལ་བ། རིམ་པ་གཏིང་ཟབ་ཀྱི་གནད་དོན་ཐག་གཅོད་པ་གཙོ་བོ་ཡིན་པའི"པད་མའི་ཉམས་མྱོང"ལ་གཙིགས་ཆེན་བྱས་པས་ཀྲུང་དབྱང་མགོ་ཁྲིད་ཀྱི་ཁས་ལེན་ཐོབ། མཚོ་སྔོན་གྱིས་མཚོ་སྔོན་དང་ཀན་སུའུ། སི་ཁྲོན་འདབས་འབྲེལ་ས་ཁུལ་གྱི་རྫོང་བདུན་དུ"བདེ་འཇགས་དང་དར་སྤེལ"ལས་གཞི་ལག་ཏུ་བསྟར་ཏེ། དུས་ཡུན་རིང་པོའི་བོད་ཁུལ་བཅོས་སྐྱོང་གི་སྲིད་འཛིན་དང་བབ་བསྟུན་ཐག་གཅོད་ལ་གཙོ་བོར་བརྟེན་པའི་སྲོལ་རྒྱུན་གྱི་སྒྲུབ་ཐབས་གཏོར་ཏེ། ཀྲུང་དབྱང་གི་བོད་ཡུལ་བརྟན་བརླིང་དང་འཛུགས་སྐྲུན། དར་རྒྱས་གཏོང་བའི་ཐད་ཀྱི་འཐབ་ཇུས་ཇུས་ཆོད་ཀྱི་བཀོད་སྒྲིག་དོན་འཁྱོལ་མཐར་ཕྱིན་དང་། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་བོད་སྐྱོང་མ་དཔེ་འཚོལ་ཞིབ་གསར་སྐྲུན་བྱས་པས། ཕན་ནུས་ལྡན་པའི་ངང་མཚོ་སྔོན་བོད་ཁུལ་གྱི་བཅོས་སྐྱོང་ལ་གོམ་པ་བརྟན་པོས་རྒྱུན་རྣམ་ཅན་དང་ཁྲིམས་སྐྱོང་ཅན་གྱི་ལམ་བུར་ཞུགས་པར་སྐུལ་འདེད་བཏང་།
3.བོད་ཁུལ་གྱི་མི་རིགས་མཐུན་སྒྲིལ་མུ་མཐུད་གཏིང་ཟབ་ཏུ་སྤེལ།
བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་རིམ་པ་སོ་སོའི་ཏང་ཨུའི་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་པ་དེ་རྣམ་པ་ཧྲིལ་བོར་ཁེབས་པའི་དོན་ཆེན་དུ་བཟུང་ནས། རྒྱ་ཁྱབ་ཏུ་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་སློབ་གསོ་དང་གསར་གཏོད་བྱེད་སྒོ་སྤེལ་ཞིང་། མི་རིགས་མཐུན་སྒྲིལ་སློབ་གསོ་ལས་ཁུངས་སུ་སྤེལ་བ་དང་ཞིང་སྡེར་སྤེལ་བ། སྡེ་ཁུལ་དུ་སྤེལ་བ། སློབ་གྲྭར་བསྐྱོད་པ། ཁེ་ལས་སུ་བསྐྱོད་པ། དམག་ཁུལ་དུ་བསྐྱོད་པ། དགོན་སྡེར་བསྐྱོད་པ། ཁྱིམ་ཚང་དུ་བསྐྱོད་པར་སྐུལ་འདེད་བཏང་སྟེ། "ཁ་མི་འབྲལ་བ་གསུམ"དང"ངོས་ལེན་ལྔའི"བསམ་བློ་ཡིད་སེམས་སུ་འཇགས་པར་བྱེད་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱ་འགུལ་ལག་བསྲིངས་ས་དང་། གསར་བསྐྲུན་ལག་ལེན་བྱེད་སྒོ་གནད་དུ་བཟུང་ནས། མི་རིགས་མང་ཚོགས་ཀྱིས་ཚུར་སྣང་དྲག་པའི་འབྲེལ་ཡོད་གནད་དོན་དང་སྤྱི་ཚོགས་བདེ་སྡོད་ལ་ཤུགས་རྐྱེན་ཐེབས་པའི་གནད་དོན་ཚབས་ཆེན་དང་འབྲེལ་ཏེ། ཤུགས་གང་ཡོད་ཀྱིས་མགོ་ཁུངས་ནས་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་གི་གནད་དོན་འབྱུང་བར་སྔོན་འགོག་གིས་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་རྐྱེན་ཐེབས་པའི་དཀའ་རྙོག་ཕན་ནུས་ལྡན་པའི་ངང་ཐག་གིས་ཆོད། རང་ས་གནས་ཀྱི་རིགས་སོ་སོའི་མང་ཚོགས་ནང་ལོགས་ཀྱི་ལས་ཞུགས་ལས་སྒོ་གསར་སྤེལ་དུ་བསྐྱོད་པར་ཧུར་ཐག་གིས་སྐུལ་འདེད་དང་ཕྱི་ཡོང་ཁེ་ལས་དང་ལས་བཟོ་བ་བོད་ཁུལ་དུ་ཡོང་ནས་མ་རྩ་གཏོང་བ་དང་ལས་དོན་དར་རྒྱས་གཏོང་བར་འགུག་པར་སྐུལ་འདེད་བཏང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཟམ་མི་ཆད་པ་བསྐྱེད་ནས་མི་རིགས་སོ་སོ་འགྲོ་འོང་འབྲེལ་འདྲིས་མཉམ་འདྲེས་རྒྱུན་མི་ཆད་པར་གཏིང་ཟབ་ཏུ་སྤེལ། 2018ལོའི་བར་དུ། བོད་ལྗོངས་ཧྲིལ་བོར་ཁྱིམ་ཚང23ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་དཔེ་སྟོན་ལས་ཁུངས་ཞེས་སུ་བཏགས་ཤིང་། ཁྱིམ་ཚང6ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྟེན་གཞི་ཞེས་སུ་བཏགས་ལ། ཁྱིམ་ཚང10ལ་ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱེད་སྒོའི་དཔེ་སྟོན་ལས་ཁུངས་ཞེས་བཏགས། ལྷ་ས་གྲོང་ཁྱེར་ལ"རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱེད་སྒོའི་དཔེ་སྟོན་གྲོང་ཁྱེར"ཞེས་བཏགས། མཚོ་སྔོན་གྱི་མཚོ་བྱང་དང་ཟི་ལིང་། མཚོ་ནུབ། མཚོ་ལྷོ་སོགས་སྔ་གཞུག་ཏུ་བདེ་ལེགས་ངང་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་དང་ཁུལ་གསར་སྐྲུན་གསར་འཛུགས་དང་། ཡུལ་ཤུལ་གྲོང་ཁྱེར་ལ་རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར་གྱི་མཚན་སྙན་དང་ཟི་ལིང་གྲོང་ཁྱེར་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་དུ་བདམས།
4.ཆོས་ལུགས་དགོན་སྡེའི་དོ་དམ་ལ་གྲུབ་འབྲས་ཁྱད་པར་ཅན་ཐོབ།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བོད་ལྗོངས་དང་བོད་ཁུལ་ཞིང་ཆེན་བཞིའི་རིམ་པ་སོ་སོའི་ཏང་ཨུའི་སྲིད་གཞུང་གིས་ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཁྱོན་ཡོངས་ནས་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་དོན་འཁྱོལ་མཐར་ཕྱིན་དང་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱས་ཤིང་། དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱས་ལ། རྒྱུན་ལྡན་ཆོས་ལུགས་ཀྱི་སྒྲིག་རིམ་ནུས་ལྡན་གྱིས་སྲུང་སྐྱོབ་བྱས། བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཚམ་མཐུན་ཡོང་བར་ཧུར་ཐག་གིས་སྣེ་ཁྲིད་དང་། དགོན་སྡེའི་དོ་དམ་ཡུན་རིང་ཕན་ནུས་ལྡན་པའི་ལམ་སྲོལ་འཐུས་སྒོ་ཇེ་ཚང་དང་ཁྱོན་ཡོངས་ནས་དགོན་པ་དང་བཙུན་པར་ཕན་པའི་སྲིད་ཇུས་དངོས་འབེབས་བྱས་ཤིང་། སྤྱི་ཚོགས་ཀྱི་དམངས་ཚིས་ཆེན་མོས་དགོན་པའི་དམངས་ཚིས་ཆུང་བའི་སྣེ་ཁྲིད་དེ་གྲུབ་འབྲས་རྒྱུན་མི་ཆད་པ་བླངས། ཆོས་ལུགས་དགོན་སྡེའི་དོ་དམ་བརྟན་བརླིང་གི་སྐུལ་འདེད་དང་མི་དམངས་དོ་དམ་ལྷན་ཚོགས་ཀྱི་དོ་དམ་སྔར་ལས་ཚད་ལྡན་བྱུང་སྟེ། རྒྱ་ཆེའི་ཆོས་ལུགས་ལས་སྣ་པ་དང་དད་ལྡན་མང་ཚོགས་ཀྱིས་བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་གནང་། དགོན་པའི་སྤྱི་བའི་ཞབས་ཞུ་མཚམས་མི་ཆད་པར་འཐུས་ཚང་དང་དགོན་པའི་བཙུན་པ་དང་བཙུན་མས་མཉམ་དུ་གཞི་རྩའི་རྒན་གསོའི་འགན་སྲུང་ལམ་ལུགས་དང་སྨན་བཅོས་འགན་སྲུང་ལམ་ལུགས། ཆེས་དམའ་བའི་འཚོ་བའི་འགན་སྲུང་གི་ལམ་ལུགས་མཉམ་དུ་སྤྱད་ནས། ཤུགས་ཆེན་པོས་བཙུན་པ་བཙུན་མས་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ལ་བྱས་རྗེས་འཇོག་པའི་ཧུར་སེམས་རང་བཞིན་སྐུལ་འདེད་བཏང་། བོད་ཁུལ་གྱི་ཆོས་ལུགས་སྣ་ཚོགས་པ་དང་གྲུབ་མཐའ་སོ་སོས་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་དང་ཆོས་དོན་ཆོས་སྲོལ་ཁྲོད་དགེ་སྤེལ་སྡིག་འདོན་དང་འདྲ་མཉམ་དཀྱེལ་ཡངས། དབུལ་སྐྱོར་རྒུད་སྐྱོབ་སོགས་སྲོལ་རྒྱུན་བཟང་པོ་དར་སྤེལ་དང་། མུ་མཐུད་དུ་ཆོས་སྲོལ་ཆོས་དོན་གསལ་འགྲེལ་དང་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ཕན་ཚུན་འཕྲོད་པོ་ཡོང་བར་ཧུར་ཐག་གིས་བསྒྲུབས།
5.བོད་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ལ་ཁྱོན་ཡོངས་སུ་ཤུགས་བསྣན་པ།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྱོན་ཡོངས་སུ་ཤུགས་བསྣན་ཞིང་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་ལྗང་མདོག་འཕེལ་རྒྱས་ལྟ་གྲུབ་ཀྱི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་མཚམས་མེད་ཇེ་དྲག་ཏུ་བཏང་ནས། ས་ཁུལ་སོ་སོར་ཁྱོན་ཡོངས་སུ་ཞིང་ཆེན་དང་ཁུལ།"གྲོང་ཁྱེར།"རྫོང་། ཞང་རིམ་པ་བཞིའི་ཆུ་བདག་ལམ་ལུགས་བཙུགས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལམ་ལུགས་མ་ལག་ཐོག་མར་གྲུབ་ཅིང་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་ཕན་ནུས་ལྡན་པའི་སྲུང་སྐྱོབ་ཐོབ། བོད་ལྗོངས་སུ"གཙང་བོ་གཉིས་དང་ཆུ་བོ་བཞིའི"ནགས་འཛུགས་ལྗང་བསྒྱུར་ལས་གཞི་ལག་ཏུ་བསྟར་ཏེ་བོད་ལྗོངས་ཀྱི་ས་ཁུལ7"གྲོང་ཁྱེར"གྱི་ཁོར་ཡུག་མཁའ་དབུགས་སྤུས་ཚད་ཆ་སྙོམས་ཀྱིས་ལེགས་ཚད95%ཡན་ལ་སོན། མཚོ་སྔོན་གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་ལམ་སྲོལ་ཚོད་ལྟའི་ཁུལ་གྱི་འཕེལ་རིམ་བདེ་བླགས་ཡིན་ཞིང་། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་ལམ་སྲོལ་ཚོད་ལྟའི་ཇུས་གཞིར་ཆོག་མཆན་ཐོབ་ལ། ཁུ་ནུ་རི་བོ་འཛམ་གླིང་རང་བྱུང་ཤུལ་རྫས་ཀྱི་མིང་ཐོར་ཚུད་པ་དང་། མདོ་ལ་རི་བོའི་རི་ཆུ་ཞིང་ནགས་དང་མཚེའུ་རྩྭ་ཡི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོའི་རྒྱལ་ཁབ་ཚོད་ལྟའི་ཁུལ་གྱི་རྣམ་གྲངས་གསར་སྤེལ་འཛུགས་སྐྲུན་བྱས། མཚོ་སྔོན་བརླན་སའི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་མདུན་གྲས་སུ་ཡོད་ཅིང་གཙང་གསུམ་འབྱུང་ཡུལ་དུ་སྐམ་མཚོའི་མཛེས་ལྗོངས་སླར་ཡང་མངོན་ལ། མཚོ་སྔོན་པོའི་ཆུ་ཁོངས་རྒྱ་ཁྱོན་ལོ་ངོ17ཚུན་གྱི་ཆེས་ཆེ་བ་དང་། ཉའི་ཐོན་ཁུངས་སྲུང་སྐྱོབ་ཐོག་མའི་དུས་ཀྱི་ལྡབ30ཡིན། འབྲི་ཆུ་དང་རྨ་ཆུའི་ཆུ་ལག རྫ་ཆུ། ཆུ་ནག་བཅས་འབུད་སའི་ཞིང་ཆེན་གྱི་ངོས་བཅད་ཆུ་སྤུས་རིགས་གཉིས་པའི་ཡན་དུ་རྒྱུན་སྲུང་བརྟན་བརླིང་ཐུབ་པ་བྱུང་།2017ལོར་རྔ་བ་ཁུལ་གྱིས་མི་བཟོས་ནགས་ཚལ་མུའུ་ཁྲི19.8ཡོངས་འགྲུབ་དང་ས་ཞིང་མུའུ་ཁྲི1.8ལེགས་བཅོས་སླར་གསོ་བྱས་ཤིང་། "གཉིས་འགྱུར་གསུམ་གནོད"ཀྱི་རྩྭ་ས་མུའུ་ཁྲི515དང་ས་ཆུ་ཟུངས་ཤོར་སྤྱི་ལེ་གྲུ་བཞི་མ73.8། ཆུ་ལག་ཆུང་འབྲིང་སྤྱི་ལེ15བཅོས་སྐྱོང་བྱས་ཏེ་བསྟུན་མར་ལོ29ལ་ནགས་ཚལ་མེ་སྐྱོན་ཚབས་ཆེན་ གང་ཡང་མ་བྱུང་།
གཉིས། གཞི་རྩའི་ཉམས་མྱོང་།
1.གནད་དོན་འདྲེན་ཕྱོགས་རྒྱུན་འཁྱོངས་དང་རྩ་ལག་མཉམ་དུ་སྐྱོང་དགོས།
དེང་ཕྱིན་འཛམ་གླིང་མི་རིགས་འགལ་འདུ་དང་བྱེ་བྲག་གཡོ་འཁྱོམ་མང་དུ་འབྱུང་ཞིང་འཛམ་གླིང་རྒྱལ་ཁབ་ཕལ་ཆེ་བས་ཁ་བྲལ་རིང་ལུགས་པའི་ཉེན་ཁར་གདོང་གཏད་ཡོད་པ་དང་། དཔལ་འབྱོར་ཉམས་ཆག་མར་ལ་འགྲིབ་ནའང་། ཀྲུང་གོའི་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་ལ་གོང་འཕེལ་ཆེན་པོ་བྱུང་སྟེ་རིགས་སོ་སོའི་མི་དམངས་འཆམ་མཐུན་མཉམ་གནས་དང་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་མཚམས་མེད་དུ་ཆགས། དེ་ཉིད་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བཏེགས་ཤིང་ཞི་ཅིན་ཕེན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་སྐྱོང་དགོངས་པ་མཛུབ་སྟོན་དུ་བྱས་ནས་གནད་དོན་འདྲེན་ཕྱོགས་རྒྱུན་འཁྱོངས་དང་གནད་དོན་གྱི་བྱེ་བྲག་ལག་ལེན་མཚམས་མེད་དུ་ཐག་གཅོད་པ་དང་འབྲལ་ཐབས་མེད། ཞི་ཅིན་ཕེན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་སྐྱོང་དགོངས་པ་ནི་བོད་ཁུལ་མི་རིགས་གནད་དོན་ཐག་གཅོད་དང་མཐའ་ཁུལ་གནད་དོན་ལག་ལེན་གྱི་གཞི་རྩའི་བརྩི་སྲུང་དགོས་ས་ཡིན། ཞི་ཅིན་ཕེན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་སྐྱོང་དགོངས་པས་ངེད་ཅག་ལ་གནད་དོན་གྱི་འདྲེན་ཕྱོགས་རྒྱུན་བསྐྱངས་ཏེ་ཁྱོན་ཡོངས་ནས་བྱེ་བྲག་ལ་བལྟ་བར་མ་ཟད། བྱེ་བྲག་གིས་ཁྱོན་ཡོངས་ལ་ཞབས་འདེགས་དང་འགན་སྲུང་བྱ་བའི་བྱེད་ཕྱོགས་དང་མཐོང་ལྗོངས་བཏོན། ཞི་ཅིན་ཕེན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་སྐྱོང་དགོངས་པ་ནི་བོད་ཁུལ་ལས་དོན་ལ་གཞི་རྩའི་རྩ་དོན་དང་འཕེལ་རྒྱས་ཁ་ཕྱོགས་འདོན་སྤྲོད་བྱས་ལ། རྩ་ལག་མཉམ་སྐྱོང་སྟེ་ཡན་ལག་གིས་རྩ་བ་སྐྱོང་བར་སྐུལ་འདེད་དང་རྩ་བས་ཡན་ལག་ཐག་གཅོད་པའི་བྱེད་ཕྱོགས་འདོན་སྤྲོད་བྱས།
2.རྩེ་རིམ་ཇུས་འགོད་དོན་ཐོག་ཏུ་འཁྱོལ་ནས་གཏིང་ཤུགས་ལ་མུར་མཐུད་པ།
ཞི་ཅིན་ཕེན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་སྐྱོང་དགོངས་པའི་ཁྲོད་དུ། བོད་ཁུལ་ལས་དོན་བསྒྲུབ་པར་ཡིད་ལ་དམ་དུ་འཛིན་དགོས་པའི་བསམ་བློ་གསར་བ་དང་ཆོད་གཏམ་གསར་པ། བླང་བྱ་གསར་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་སྐུ་དངོས་སུ་གཏན་ལ་ཕབ་པའི་རྒྱལ་ཁབ་སྐྱོང་བར་མཐའ་འཁོབ་སྐྱོང་དགོས་པ་དང་མཐའ་འཁོབ་སྐྱོང་ན་ཐོག་མར་བོད་ལྗོངས་བརྟན་བརླིང་ཡོང་དགོས་པའི་ཐབས་ཇུས་གལ་ཆེན་གྱི་དགོངས་པ། སྐུ་དངོས་སུ་དབུ་འཛིན་མཛད་པའི་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་གྱི་བཞུགས་མོལ་གྲོས་ཚོགས་ཐེངས་དྲུག་པ་དང་ཀྲུང་དབྱང་མི་རིགས་ལས་དོན་གྱི་གྲོས་ཚོགས། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་གྲོས་ཚོགས། རྒྱལ་ཡོངས་ཆོས་ལུགས་ལས་དོན་གྱི་གྲོས་ཚོགས་སོགས་ཚོགས་འདུ་གལ་ཆེན་དང་དེར་གནང་བའི་གསུང་བཤད། སྐུ་དངོས་སུ་བཙུགས་པའི་ཀྲུང་དབྱང་གིས་བོད་ལྗོངས་ལ་རམ་འདེགས་བྱེད་པའི"ལོ་ལྔའི་འཆར་གཞི་བཅུ་གཉིས་པ"དང"ལོ་ལྔའི་འཆར་གཞི་བཅུ་གསུམ་པ"སོགས་ལས་གཞི་གལ་ཆེན་རབས་དང་རིམ་པ། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་དངོས་ཚུལ་ལ་དམིགས་ཏེ་བཏོན་པའི"མི་རིགས་མཐུན་སྒྲིལ་ལ་ཤུགས་བསྣན་ནས། མཛེས་པའི་བོད་ལྗོངས་ལ་འཛུགས་སྐྲུན་བྱ།"བ་དང་།"བོད་ལྗོངས་རྙིང་པའི་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་གཏོང་བ།" "ཏན་ཏན་ཏིག་ཏིག"སོགས་ཀྱི་མཛུབ་སྟོན་དང་བླང་བྱ་གལ་ཆེན་འདུས་ཤིང་། བོད་ཁུལ་རིགས་སོ་སོའི་ལས་བྱེད་མང་ཚོགས་ལ་ཕན་པའི་རྩེ་རིམ་ཇུས་འགོད་མཚམས་མེད་དུ་བཏོན་ནས་བོད་ཁུལ་ལས་དོན་ལེགས་པར་བསྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་གཞི་རྩའི་བརྩི་བྱ་འདོན་སྤྲོད། སྒུལ་ཤུགས་སྟོབས་པོ་ཆེ་བསྣན། ཀྲུང་དབྱང་དང་རྒྱལ་ཁབ་པུའུ་ཨུ། ཁ་གཏད་རོགས་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཁྱོན་ཡོངས་སུ་རྩེ་རིམ་ཇུས་འགོད་དོན་འཁྱོལ་བྱ་བའི་བླང་བྱ་ལྟར། སྒེར་སེམས་མེད་པའི་རོགས་སྐྱོར་དང་། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་ཏང་ཨུའི་སྲིད་གཞུང་ཁྱོན་ཡོངས་སུ་རྩེ་རིམ་ཇུས་འགོད་དོན་ཐོག་ཏུ་འཁྱོལ་བ། ས་ཁུལ་སོ་སོའི་དངོས་ཡོད་གནས་ཚུལ་ལ་གཞི་བཙུགས་ཤིང་གཏིང་ཤུགས་མུར་མཐུད་ཅིང་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་མཐུན་སྒྲིལ་དང་། སྐྱེ་ཁམས་བརྟན་བརླིང་འཕེལ་རྒྱས་གཏོང་བའི་གནད་འགག་གནད་དོན་དང་འབྲེལ་ཏེ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་དམངས་འཚོར་འགན་སྲུང་དང་ལེགས་པར་བཅོས་པ། བློ་བརྟན་འགྱུར་མེད་ཀྱིས་མི་རིགས་མཐུན་སྒྲིལ་སྲ་བརྟན་དང་འཕེལ་རྒྱས་བཏང་བ། རྒྱུན་མི་ཆད་པ་དང་རྒྱུན་རིང་བའི་རྩལ་བཏོན་ཏེ་བོད་ཁུལ་ཡུན་རིང་འཕེལ་རྒྱས་དང་དུས་བདེ་ཞོད་འཇགས་ལ་སྐུལ་འདེད་བཏང་སྟེ། བོད་ཁུལ་གྱི་ཡུལ་ལུང་སོ་སོ་ཁྱོན་ཡོངས་སུ་འབྱོར་འབྲིང་སྤྱི་ཚོགས་སླེབས་པར་རྨང་གཞི་བརྟན་པོ་བཏིང་།
3.རྒྱུ་རྐྱེན་གཙོ་བོ་དམ་དུ་བཟུང་སྟེ་བྱ་བར་སྐུལ་འདེད་གཏོང་བ།
བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས"རྒྱུན་མཐུད་བརྟན་བརླིང་དང་ཡུན་རིང་བརྟན་བརླིང་། ཁྱོན་ཡོངས་བརྟན་བརླིང"བཅས་ཀྱི་ལས་འགན་བསྙོན་མེད་དུ་བཟུང་སྟེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་དུས་མཉམ་དུ་ཞུགས་པ། དགོན་སྡེ་དོ་དམ་དང་འབྲེལ་མཚམས་ས་ཁུལ་དར་སྤེལ་གཏོང་བ་སོགས་རྒྱུ་རྐྱེན་དང་གནད་དོན་གཙོ་བོ་དམ་པོར་བཟུང་ནས་ཕྱོགས་ཡོངས་ནས་བྱ་བར་སྐུལ་འདེད་བཏང་ཡོད། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱིས་ཧུར་བརྩོན་སྒོས་ནང་ནས་བརྡོལ་བའི་འཕེལ་རྒྱས་སྒུལ་ཤུགས་འདོན་པ་དང་དཔལ་འབྱོར་རྒྱུན་མཐུད་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱས་ཤིང་། གཏིང་ཟབ་སྒོས་དགོན་སྡེ་དོ་དམ་གྱི་རྒྱུན་རིང་བའི་རྐྱེན་སྲོལ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བྱས་ལ། སྤྱི་ཚོགས་བདག་སྐྱོང་མུ་མཐུད་དུ་གསར་སྐྲུན་དང་འཐུས་ཚང་དུ་བཏང་། གཏིང་ཟབ་སྒོས་ཁ་བྲལ་ངོ་རྒོལ་གྱི་འཐབ་རྩོད་ཁྱབ་སྤེལ་བཏང་བ་དང་འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགོ་ཁྲིད་དབང་ཆ་དང་དོ་དམ་དབང་ཆ། གཏམ་བརྗོད་དབང་ཆ་དམ་པོར་བཟུང་། གཏིང་ཟབ་སྒོས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་དྲིལ་བསྒྲགས་དང་སྐྱེ་ཁམས་སྔོན་ཐོབ་ལྟ་གྲུབ་དམ་པོར་བཟུང་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྲིད་ཇུས་ཕྱོགས་བསྡུས་ལག་ཏུ་བསྟར་ཏེ་འབྲེལ་མཚམས་ས་ཁུལ་གྱི་འབུར་ཐོན་གནད་དོན་གཅིག་གྱུར་གྱིས་ཐག་གཅོད་བྱས། མཚོ་སྔོན་གྱིས"བོད་བརྒྱུད་ནང་བསྟན་གྱི་དགོན་སྡེའི་དོ་དམ་མ་དཔེ་རྣམ་པ་གསུམ"དང"མཐའ་མཚམས་བདེ་འཇགས་དང་ལས་གཞི་དར་སྤེལ། " "རྨང་གསུམ་འཛུགས་སྐྲུན"ལ་སོགས་པའི་ལས་གཞི་གལ་ཆེན་ལག་བསྟར་བྱས། སི་ཁྲོན་དཀར་མཛེས་ཀྱིས་དགོན་སྡེ་ཕྱོགས་བསྡུས་ཉམས་གསོ་དང་ཆོས་ལུགས་ཁོངས་གཏོགས་ཀྱི་འབུར་ཐོན་གནད་དོན་ཆེད་གཉེར་བདག་སྐྱོང་ཁྱབ་སྤེལ་དང་། དགོན་སྡེའི་ཁག་འབྱེད་དོ་དམ་གྱི་ཚད་ལོན་རིམ་སྤར་སྐུལ་འདེད་གཏིང་ཟབ་བཏང་ནས། རྣམ་པ་རྒྱུན་ལྡན་དང་རྒྱུན་རིང་བའི"ལྔ་གཉིས་གསུམ"གྱི་ཆོས་སློབ་པའི་བྱ་འགུལ་ཁྱབ་སྤེལ་བཏང་།
4.ཀྲུང་དབྱང་ས་གནས་ཀྱི་རྒྱབ་སྐྱོར་ལ་ཐོད་བརྒལ་གྱི་འཕེལ་རྒྱས་བྱུང་།
བོད་ལྗོངས་ཁ་གཏད་རོགས་སྐྱོར་གྱི་ལས་དོན་ནི"ཁྲིམས་ལྟར་བོད་ལྗོངས་སྐྱོང་བ་དང་བོད་ལྗོངས་ཡུན་རིང་དུ་བསྐྲུན་པ། མི་སེམས་འགུག་པ། རྨང་གཞི་བརྟན་པོའི"རྩ་དོན་གལ་ཆེན་རྒྱུན་བསྐྱངས་ཏེ།རང་རྒྱལ་གྱི་མི་རིགས་སོ་སོས་མཉམ་དུ་མཐུན་སྒྲིལ་འབད་བརྩོན་དང་མཉམ་དུ་དར་རྒྱས་གོང་འཕེལ་འགྲོ་བའི་གསོན་ཉམས་ལྡན་པའི་ལག་ལེན་སྐུལ་སྤེལ་བྱེད་རྒྱུ་དེ་ཡིན། ལོ་ངོ་དུ་མའི་རིང་ལ་ཁ་གཏད་རོགས་སྐྱོར་ལས་འགན་གྱི་འགན་འཁུར་བའི་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་སྡེ་ཁག་དང་ཀྲུང་དབྱང་ཁེ་ལས་སྐོར་ཞིག་གིས་བོད་ལྗོངས་རོགས་སྐྱོར་ལ་འཚོལ་ཞིབ་དང་གསར་སྐྲུན་བྱས་ཤིང་མུ་མཐུད་དུ་བོད་ལྗོངས་རོགས་སྐྱོར་གྱི་ཐབས་ལམ་ཇེ་མང་བཏང་། དཔལ་འབྱོར་གྱིས་བོད་ལྗོངས་ལ་རོགས་སྐྱོར་བྱེད་པ་དང་། སློབ་གསོས་བོད་ལྗོངས་ལ་རོགས་སྐྱོར་བྱེད་པ། ཚན་རྩལ་གྱིས་བོད་ལྗོངས་ལ་རོགས་སྐྱོར་བྱེད་པ། ཤེས་ལྡན་མི་སྣས་བོད་ལྗོངས་ལ་རོགས་སྐྱོར་བྱེད་པ་སོགས་སྣ་མང་ཅན་གྱི་བོད་ལྗོངས་རོགས་སྐྱོར་གྱི་རྣམ་པ་བེད་སྤྱོད་པ་བརྒྱུད་དེ། རོགས་སྐྱོར་ས་ཁུལ་གྱི་མ་དངུལ་དང་ལག་རྩལ། ཁྲོམ་ར་སོགས་ཀྱི་དགེ་མཚན་དང་བོད་ཁུལ་གྱི་ཐོན་ཁུངས་དང་རྗེས་འཕེལ་དགེ་མཚན་མཉམ་དུ་འབྲེལ་ཏེ་ཕྱོགས་ཡོངས་དང་། རིམ་པ་མང་བ། ཁྱབ་ཁོངས་རྒྱ་ཆེ་བའི་བོད་ལྗོངས་ཁ་གཏད་རོགས་སྐྱོར་ལས་དོན་གྱི་གནས་བབས་ཆགས་སུ་བཅུག་ནས། མི་རིགས་སོ་སོའི་མཉམ་འབྲེལ་བརྗེ་རེས་གཅིག་གྱུར་ལ་སྐུལ་སྤེལ་གྱིས་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་ཐོད་བརྒལ་ཅན་གྱི་འཕེལ་རྒྱས་དང་དུས་བདེ་ཞོད་འཇགས་ལ་སྐུལ་འདེད་བྱས་སོ།།
(རྩོམ་པ་པོ་ནི་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་གི་ཏང་ཙུའུ་ཧྲུའུ་ཅི་དང་གླིང་གཙོ། སློབ་དཔོན་ཆེན་མོ། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་མི་རིགས་ཆོས་ལུགས་ཞིབ་འཇུག་ཁང་གི་འགོ་གཙོ་དང་ཞིབ་འཇུག་པ་ཡིན།)
བསམ་གྲུབ་ཀྱིས་བསྒྱུར།