2018ལོའི་ཟླ8པའི་ཚེས21ཉིན་ནས་ཚེས22ཉིན་བར་རྒྱལ་ཡོངས་དྲིལ་སྒྲོག་བསམ་བློའི་བྱ་བའི་གྲོས་ཚོགས་པེ་ཅིན་དུ་བསྡུས། དུས་རབས་གསར་བར་དྲིལ་སྒྲོག་བསམ་བློ་བྱ་བ་ཇི་ལྟར་ལེགས་སྒྲུབ་བྱེད་པ་དང་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁྱོན་ཡོངས་ལ་སྔར་ལས་བཟང་བས་ཞབས་འདེགས་ཞུ་བའི་ཐད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གསུང་བཤད་གལ་ཆེན་གནང་། གསུང་བཤད་གལ་ཆེན་ནི་དུས་རབས་གསར་བའི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གོང་དུ་འཕེལ་བའི་ཁྱོན་ཡོངས་ཀྱི་མཐོ་ཚད་དུ་ལངས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་ཏང་གི་དྲིལ་སྒྲོག་བསམ་བློའི་བྱ་བའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ལ་ཕྱོགས་སྡོམ་ཟབ་མོ་བྱས་པ་དང་། གནས་བབ་གསར་བའི་འོག་གི་ཏང་གི་དྲིལ་སྒྲོག་བསམ་བློའི་བྱ་བའི་ལོ་རྒྱུས་ཁ་ཕྱོགས་དང་ལོ་རྒྱུས་ཀྱི་འགན་འཁྲི་རྣམ་བཤད་ཟབ་མོར་བྱས་ལ། ཁ་ཕྱོགས་རང་བཞིན་དང་རྩ་བའི་རང་བཞིན། ཁྱོན་ཆེན་རང་བཞིན། འཐབ་ཇུས་རང་བཞིན་བཅས་ཀྱི་གནད་དོན་ཆེན་པོ་རབས་དང་རིམ་པར་ལན་བཏབ་སྟེ། གནས་བབ་གསར་བའི་འོག་ཏུ་ཏང་གི་དྲིལ་སྒྲོག་བསམ་བློའི་བྱ་བ་ལེགས་སུ་བསྒྲུབ་པར་བཀོད་སྒྲིག་གལ་ཆེན་གནང་། ད་ལྟ་དུས་རབས་གསར་བར་དྲིལ་སྒྲོག་བསམ་བློའི་བྱ་བ་ལེགས་སྒྲུབ་པའི་གལ་ཆེན་རང་བཞིན་ཐད་ངོས་འཛིན་འགའ་བཤད་པར་འདི་ལྟར་ཏེ།
གཅིག དྲིལ་སྒྲོག་བསམ་བློའི་བྱ་བ་ལེགས་སྒྲུབ་བྱེད་པ་ནི་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཡུན་རིང་གོང་དུ་འཕེལ་བའི་བློ་སྒོ་ཕྱེ་ཟབ་མོ་ཡིན།
ཀྲུང་གོ་གསར་བ་བཙུགས་ཚུན་པའི་འཕེལ་རྒྱས་དང་བཅོས་སྒྱུར་སྒོ་འབྱེད་མ་བྱས་སྔོན་གྱི་ལོ་ངོ30ཙམ་ལ་བལྟས་ན། ང་ཚོས་འདུ་ཤེས་འཛིན་སྟངས་དང་བསམ་བློའི་སློབ་གསོ་ལ་དོ་སྣང་བྱས་པས་གྲུབ་འབྲས་མངོན་གསལ་ཐོབ་མོད། འོན་ཀྱང་ཚད་ངེས་ཅན་ཞིག་གི་ཐོག་ཏུ་བཤད་ན་དངོས་པོའི་ཆ་རྐྱེན་དང་ཁེ་ཕན་ནང་རྐྱེན། ནུས་པ་སོགས་ལ་མཐོང་ཆུང་བྱས་པ་དང་། ངོས་འཛིན་ཐོག་ཏུ་ཕྱོགས་རེའི་རང་བཞིན་གནས་པས་ལག་ལེན་བྱེད་པའི་ཐོག་ཏུ"གཡོན"ལྷུང་གི་ནོར་འཁྲུལ་བྱུང་བ་རེད།
བཅོས་སྒྱུར་སྒོ་འབྱེད་བྱས་ནས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ལོ་ངོ30ལྷག་ནང་། ང་ཚོས་སྔོན་ཆད་ཀྱི་ལོ་རྒྱུས་དུས་སྐབས་ཀྱི་འབྲེལ་ཡོད་བསླབ་བྱ་ལ་ཕྱོགས་སྡོམ་ཟབ་མོ་བྱས་པ་དང་། དངོས་པོའི་ཆ་རྐྱེན་དང་ཁེ་ཕན་ནང་རྐྱེན་གྱིས་མི་དམངས་མང་ཚོགས་ལ་སྐུལ་སློང་བྱས་པ་དང་། སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་ནུས་པ་གལ་ཆེན་ལ་དོ་སྣང་བྱས་པས་ལག་ལེན་བྱེད་པའི་ཁྲོད་དུ་བྱས་རྗེས་མང་པོ་ཐོབ། དུས་མཚུངས་སུ་རང་རེའི་ཏང་གིས་དུས་ཐོག་ཏུ"ཕྱོགས་གཉིས་ཀ་འཛིན་པ་དང་ཕྱོགས་གཉིས་ཀ་དམ་འཛིན་བྱེད་དགོས་པའི"འཐབ་ཇུས་བསམ་བློ་བཏོན་ལ། རང་རྒྱལ་གྱི་བཅོས་སྒྱུར་དང་འཕེལ་རྒྱས་ནི་སྔར་བྱུང་མ་མྱོང་བའི་ལས་དོན་གསར་བ་ཞིག་ཡིན་པས། ང་ཚོས་སྐབས་དེར"ལག་ལེན་ནས་འཚོལ་ཞིབ་བྱས"པས། བཅོས་སྒྱུར་སྒོ་འབྱེད་དང་ཚོང་རའི་དཔལ་འབྱོར། སྤྱི་ཚོགས་རིགས་སྒྱུར། ཕྱི་ནང་གི་ཁོར་ཡུག་འགྱུར་ལྡོག་ཆེན་པོ། ཤུགས་རྐྱེན་ཟབ་མོ་བཅས་ལ་ངོས་འཛིན་མི་འདང་བ་དང་ལག་ལེན་བྱེད་ཤུགས་གཏིང་ཟབ་མེད་པ། ཏང་ལ་ནན་སྐྱོང་བྱེད་པའི་ཐད"ལྷུག་ཡངས་མཉེན་གསུམ"གྱི་སྣང་ཚུལ་གནས་ཡོད་པར་ཆབ་སྲིད་འཛུགས་སྐྲུན་དང་འདུ་ཤེས་འཛིན་སྟངས། བསམ་བློའི་སློབ་གསོ་བྱ་བ་བཅས་སུ་ཞན་དུ་གྱུར་ཞིང་ཕྱོགས་རེ་བའི་རང་བཞིན་ལྡན་པའི་གནད་དོན་མང་པོ་གནས་ཡོད། དཔེར་ན། དུས་ཡུན་རིང་བོར་ཡོངས་ཁྱབ་ཀྱི་ངོས་འཛིན་དང་བྱེད་ཚུལ་ཞིག་ནི"ཏང་ཡོན་ལས་བྱེད་པར་སློབ་གསོ་ཐེབས་པ་དང་མི་དམངས་མང་ཚོགས་ལ་ཕན་ཐོབ་རྒྱུ་རེད།"ངོས་འཛིན་དེ་དག་གི་དགོས་གཏུག་རང་བཞིན་དང་ལུགས་མཐུན་རང་བཞིན་གཙོ་བོ་ནི་ཏང་ཡོན་ལས་བྱེད་པས་ཏང་གི་དམིགས་ཡུལ་ལག་ལེན་བྱེད་པ་དང་། མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཟུར་ཚད་ཐོག་ནས་བསམ་གཞིག་བྱེད་དགོས་པ་དེ་རེད། དེའི་ནང་དུ་མི་དམངས་མང་ཚོགས་ལ་སློབ་གསོ་ཐེབས་ཡོད་མིན་པའི་གནད་དོན་ལ་གསལ་བོར་ལན་བཏབ་མེད་པ་རེད། དོན་དངོས་ཐོག་ཏུ་བསམ་བློའི་སློབ་གསོ་ནས་བྲལ་ཏེ་དངོས་པོའི་ཁེ་ཕན་ལ་བཤད་པ་དང་། ལག་ལེན་བྱེད་པའི་ཁྲོད་དུ་དོན་དངོས་དེ་རེ་འདོད་དང་འགལ་བ་རེད། མི་རྣམས་ཀྱི་རེ་བ་ནི་ཚད་མེད་པས་སློབ་གསོ་དང་སྣེ་ཁྲིད་མེད་ན་ཡིད་མི་ཚིམ་པ་དང་འཁང་ར། འཆམ་མི་མཐུན་པ་སོགས་ཀྱི་སྣང་ཚུལ་འབྱུང་རྒྱུ་རེད།
ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་རྗེས། བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོ་འོག་ཏུ་ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་དེ་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་བ་དང་། ཏང་གི་འཛུགས་སྐྲུན "གཟབ་དམ་མཁྲེགས་གསུམ"དུ་འགྲོ་བ། དྲིལ་སྒྲོག་བསམ་བློའི་འཐབ་ཕྱོགས་བཟང་བ། ཏང་གི་རིགས་པའི་གཞུང་ལུགས་གསར་སྐྲུན་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་ཀྲུང་གོའི་ཕུགས་བསམ་དེ་མི་སེམས་སུ་ཟུག་པ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་ཡོང་བ། བསམ་བློའི་གླེང་ཕྱོགས་གཙོ་བོ་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་བ། རིག་གནས་ལ་ཡིད་ཆེས་གསལ་བོར་མཚོན་པ། རྒྱལ་ཁབ་ཀྱི་རིག་གནས་མཉེན་ཤུགས་དང་ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་ཇེ་མཐོར་སོང་བ།ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་བསམ་བློའི་ཐོག་གི་མཐུན་སྒྲིལ་གཅིག་གྱུར་སྔར་ལས་སྲ་བརྟན་དུ་བཏང་བ། ལོ་རྒྱུས་ལ་ཕྱིར་མིག་བལྟས་ན་དུས་ཐོག་དང་ཚན་རིག་དང་མཐུན་པའི་སྒོ་ནས་མང་ཚོགས་ལ་སློབ་གསོ་དང་སྣེ་ཁྲིད་བྱེད་པ་ནི་མར་ཁེ་སི་རིང་ལུགས་དང་སྲིད་ཏང་གི་རྩ་བའི་ལྟ་བ། ཐོག་མཐའ་བར་གསུམ་གྱི་འདོད་ཚུལ་བཅས་ནི་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་དུས་ཡུན་རིང་བོར་གོང་དུ་འཕེལ་བའི་བློ་སྒོ་ཟབ་མོ་ཡིན་ལ། རྒྱལ་ཁབ་ཕྱི་ནང་གི་གསར་བརྗེ་འཐབ་རྩོད་དང་འཛུགས་སྐྲུན། ལག་ལེན་བཅས་བྱེད་པའི་ཁྲོད་ཀྱི་ཆེས་གལ་ཆེ་ཞིང་རྩ་ཆེན་ཡིན་པའི་ཉམས་མྱོང་ཞིག་ཀྱང་ཡིན་པས། སུའུ་གུང་ཐོར་ཞིག་ཏུ་འགྲོ་བ་དེ་དང་འབྲེལ་བ་དམ་པོ་ཡོད་པ་རེད།
གཉིས། དྲིལ་སྒྲོག་བསམ་བློའི་བྱ་བ་ལེགས་སྒྲུབ་བྱེད་པ་ནི་འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་ཀྱི་བར་ཆད་གལ་ཆེན་གྱི་དོགས་ཟིན་ནན་མོ་ཡིན།
ཉེ་རབས་ཚུན་དུ་རྒྱལ་སྤྱིའི་གུང་ཁྲན་རིང་ལུགས་ལས་འགུལ་དང་འཛམ་གླིང་ཐོག་གི་སྤྱི་ཚོགས་རིང་ལུགས་ཀྱི་ལོ་རྒྱུས་འཕེལ་རྒྱས་བྱས་ཚད་ལ་བལྟས་ན། ཆེས་གལ་ཆེན་དང་ཆེས་ཚབས་ཆེན་གྱི་བར་ཆད་དེ་ནི་དུས་རབས་གོང་མའི་ལོ་རབས80པའི་ལོ་མཇུག་ནས་ལོ་རབས90བའི་ལོ་འགོའི་བར་གྱི་ཨ་རོབ་ཤར་མའི་འགྱུར་ལྡོག་ཆེན་པོ་དང་། སུའུ་གུང་དང་སུའུ་ལེན་ཐོར་ཞིག་ཏུ་འགྲོ་བ་རེད། དེའི་ནང་དུ་སུའུ་གུང་ཐར་ཐོར་དང་ཐོར་ཞིག་ཏུ་འགྲོ་བ་ནི་ཆེས་སྲོག་ཤིང་ཡིན་པའི་གནད་དོན་ཞིག་རེད་ལ། སྐབས་དེར་འཛམ་གླིང་ཐོག་གི་སྤྱི་ཚོགས་རིང་ལུགས་ཀྱི་བར་ཆད་ཚབས་ཆེན་ཡིན་པའི་ཞན་ས་རེད། སུའུ་གུང་ཐོར་ཞིག་ཏུ་འགྲོ་བའི་རྒྱུ་མཚན་གང་ཡིན། ཆེས་ཐད་ཀར་དང་ཆེས་གནད་འགག་གི་རྒྱུ་རྐྱེན་ཡང་གང་ཞིག་ཡིན། གནད་དོན་དེ་དག་ནི་རང་རེའི་ཏང་གིས་རྒྱུན་ཆད་མེད་པར་བསམ་གཞིག་དང་ཞིབ་འཇུག ལན་འདེབས་དགོས་པ་བཅས་ལོ་རྒྱུས་རང་བཞིན་གྱི་གནད་དོན་རེད། དེའི་ཕྱིར། ང་ཚོས་སྔོན་ཆད་ཀྱི་ངོས་འཛིན་དང་ལན་བཏབ་ནི་སུའུ་ལེན་ཡུན་རིང་གི་དཔལ་འབྱོར་འཕེལ་རྒྱས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ལས་དལ་བ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ལས་དམའ་བས་མི་སེར་གྱིས་མི་དགའ་བ་དང་སུའུ་གུང་ཐོར་ཞིག་ཏུ་གྱུར་བ་རེད། ངོས་འཛིན་འདི་ནི་ཚད་ངེས་ཅན་ཞིག་ནས་གནས་ལུགས་ཡོད་ཀྱང་ཆ་ཚང་བ་མ་རེད། ཐ་ན་ཆེས་གནད་འགག་གི་གནད་དོན་དང་ཆེས་ཐད་ཀར་གྱི་རྒྱུ་མཚན་ལ་དམ་འཛིན་མེད་པ་རེད།གནད་དོན་འདིར་བསྐྱར་དུ་ཞིབ་ལྟ་བྱས་ན་སྐྱོན་ཆ་དང་གནད་དོན་མང་པོ་ཤེས་ཏེ། སྐབས་དེའི་སུའུ་ལེན་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་མང་ནང་དུ་དཔལ་འབྱོར་འཕེལ་རྒྱས་ཆེ་བ་དང་འཚོ་བའི་ཆུ་ཚད་བཟང་བས། སྟོབས་ཤུགས་ལྡན་ཞིང་གནས་ཚུལ་བཟང་ཙམ་གྱི་རྒྱལ་ཁབ་ཅིག་རེད། དུས་རབས་གོང་མའི་ལོ་རབས50བའི་དུས་དཀྱིལ་དུ་སུའུ་ལེན་གྱིས་མིའི་རིགས་ཀྱི་ཐོག་མིའི་འཇིག་རྟེན་མཁའ་སྐྱོད་པ་བར་སྣང་ཁམས་སུ་བསྐྱལ། དེ་ཨ་མེ་རི་ཁ་ལས་ལོ་བཅུ་ལྷག་ཙམ་སྔ་བས་སྤྱི་ཚོགས་རིང་ལུགས་བཟོ་ལས་ཅན་ཐོག་མར་མངོན་དུ་གྱུར་བ་དང་། མི་སེར་མང་པོས་སྔོན་ནས་རླངས་འཁོར་ཆུང་བ་ཉོས་ཡོད། 1980ལོར་སུའུ་ལེན་གྱིས་ཨོ་ལིན་ཕེ་ཁེ་ལུས་རྩལ་འགྲན་ཚོགས་ལེགས་གྲུབ་བྱས། དེའི་བརྗོད་བྱ་མཚོན་བྱེད་ཀྱི་གླུ་དབྱངས《མོ་སི་ཁོའི་གྲོང་འདབས་ཀྱི་མཚན་མོ》ད་བར་རྒྱ་ཁྱབ་ཏུ་དར་ཡོད་མོད། འོན་ཀྱང་ལོ་བཅུ་ཙམ་འགོར་རྗེས་སུ་སུའུ་གུང་ཐོར་ཞིག་ཏུ་བཏང་བ་རེད། དེའི་རྒྱུ་མཚན་གང་ཡིན་ནམ། དེའི་ལས་ལྡོག་སྟེ་དཔལ་འབྱོར་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བ་སུའུ་ལེན་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ལས་དལ་ཞིང་དམའ་ཡང་།གུང་ཁྲན་ཏང་ད་བར་སྲིད་སྐྱོང་བྱེད་བཞིན་ཡོད། ཁུ་པ་སའི་གོ་ལའི་ཕྱེད་ནུབ་མར་གནས་པའི་རྒྱལ་ཁབ་ཆུང་བ་དང་གླིང་ཕྲན་རྒྱལ་ཁབ་ཅིག་ཡིན་པས་དུས་ཡུན་རིང་བོར་ཨ་མེ་རི་ཁའི་ཆབ་སྲིད་དང་དཔལ་འབྱོར། དམག་དོན་བཅས་ཀྱིས་འགག་སྡོམ་བྱས་པར་གནས་འདུག་ལ། གུང་ཁྲན་ཏང་གི་མགོ་ཁྲིད་སྔར་བཞིན་མི་སེམས་ཀྱི་གཏིང་དུ་ཟུག་པ་རེད། དཔལ་འབྱོར་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བའི་ཐད་དཀའ་ཚེགས་ཆེ་མོད། འོན་ཀྱང་ཨ་མེ་རི་ཁ་གཙོ་བོ་ཡིན་པའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཀྱི་ཆབ་སྲིད་དང་དཔལ་འབྱོར་གྱིས་བཀག་སྡོམ་དང་དམག་དོན་གྱི་འཇིགས་སྐུལ་འོག་གི་ཁྲའོ་ཞན་གྱི་དཔལ་འབྱོར་འཕེལ་རྒྱས་མི་ཆེ་བ་དང་མི་དམངས་ཀྱི་འཚོ་བ་ཕྱུག་པོ་མེད་མོད། སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ད་བར་རྒྱུན་འཁྱོངས་བྱས་ཡོད། དོན་དངོས་སུ་སུའུ་གུང་ཐོར་ཞིག་ཏུ་འགྲོ་བའི་ཆེས་གལ་ཆེན་དང་ཆེས་ཐད་ཀར་གྱི་རྒྱུ་རྐྱེན་ནི་བསམ་བློའི་འཛུགས་སྐྲུན་དང་འདུ་ཤེས་འཛིན་སྟངས་ཐད་གནད་དོན་བྱུང་སྟེ། 1953ལོའི་ཟླ9བར་ཧེ་ལུའོ་ཞའོ་ཧྥུ་ཡིས་སྲིད་སྐྱོང་བྱས་པ་དང་། 1956ལོའི་ཟླ2པར་སུའུ་གུང་ཚོགས་ཆེན་ཐེངས་ཉི་ཤུའི་ཐོག་ཏུ་ཁོས་སི་ཏ་ལིན་ལ་ཡོངས་སུ་ཁས་མི་ལེན་པའི་གསང་དོན་སྙན་ཞུ་བྱས། སི་ཏ་ལིན་གྱིས་སུའུ་ལེན་ཏང་དང་རྒྱལ་ཁབ་ལ་མགོ་ཁྲིད་བྱས་པའི་ལོ30ལྷག་ནང་དུ་གསར་བརྗེའི་ངོ་རྒོལ་པ་སེལ་བ་དང་། ཧྲ་ཝུན་རིང་ལུགས་སོགས་ནོར་འཁྲུལ་བྱུང་ཡོད་མོད། འོན་ཀྱང་ཁོས་སུའུ་ལེན་མི་དམངས་སྣེ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་ལམ་ལུགས་བཙུགས་པ་དང་། སྤྱི་ཚོགས་རིང་ལུགས་བཟོ་ལས་ཅན་མངོན་དུ་འགྱུར་བ། འཇར་མན་གྱི་ཧྥ་ཤི་སི་ལ་རྡུང་རྡེག་དྲག་པོ་བྱས་པས་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱས་པ་མ་ཟད། རྒྱལ་ཁབ་གཞན་དག་གི་གསར་བརྗེ་དང་འཛུགས་སྐྲུན་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པར་ལོ་རྒྱུས་ཐོག་གི་བྱས་རྗེས་ཨང་དང་པོ་བསྐྲུན། སི་ཏ་ལིན་ལ་ཡོངས་སུ་ཁས་མི་ལེན་པས་སུའུ་ལེན་གྱི་ཏང་ནང་དང་རྒྱལ་ནང་གི་ངོས་འཛིན་མི་མཐུན་པ་དང་བསམ་བློ་རྙོག་འཛིང་དུ་གྱུར། དེ་ཐོག་ཏུ་ནུབ་ཕྱོགས་རྒྱལ་ཁབ་ཀྱི་དགྲར་འཛིན་སྟོབས་ཤུགས་ཀྱི་ངན་སེམས་དང་ཕར་དཀྲུག་ཚུར་དཀྲུག་བྱས་པས། དྲིལ་སྒྲོག་བསམ་བློ་དང་འདུ་ཤེས་འཛིན་སྟངས་བྱ་བ་རིམ་བཞིན་ཞན་དུ་གྱུར་བ་དང་། ཏང་གི་གཟུགས་བརྙན་དང་སྙན་གྲགས། གོང་བུར་གྲིལ་ཤུགས་བཅས་མུ་མཐུད་དུ་ངན་དུ་གྱུར། དུས་མཚུངས་སུ་ཏང་ནང་གི་ཁྱད་དབང་གི་བསམ་བློ་དང་དཔོན་ཉམས་རིང་ལུགས། རུལ་སུངས་གནད་དོན་བཅས་བརྟན་ཞིང་གཡོ་བ་མེད་པས་སྤྱི་ཚོགས་དང་མང་ཚོགས་ཀྱིས་མི་དགའ་བ། ཏང་དང་མང་ཚོགས་བར་དང་ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་མི་བཟང་པ།དེའི་ཕྱིར། དུས་རབས་གོང་མའི་ལོ་རབས80པའི་ལོ་མཇུག་ནས་ལོ་རབས90བའི་བར་དུ་རྒྱལ་སྤྱིའི་གནས་ཚུལ་འགྱུར་ལྡོག་ཆེ་བ་དང་ཞི་བ་རིམ་འགྱུར་ཇེ་དྲག་ཏུ་བཏང་བའི་ཁོར་ཡུག་ཆེན་པོའི་འོག་ཏུ། སུའུ་གུང་ཐོར་ཞིག་ཏུ་འགྲོ་བ་དེ་འབྲས་བུ་སྨིན་ན་ས་ལ་ལྷུང་བའི་ལས་དབང་ཞིག་ཏུ་གྱུར་བ་རེད།
དེའི་ཕྱིར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཀྲུང་དབྱང་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་གསར་བས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཞིབ་འཇུག་དང་གྲོས་བསྡུར་འཛིན་གྲྭའི་ཐོག་ཏུ་བསྟན་དོན། "སུའུ་གུང་ཐོར་ཞིག་ཏུ་འགྲོ་བའི་རྒྱུ་མཚན་གཙོ་བོ་ནི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་འཐབ་རྩོད་ཧ་ཅང་དྲག་པོ་དང་། སུའུ་ལེན་གྱི་ལོ་རྒྱུས་དང་སུའུ་གུང་གི་ལོ་རྒྱུས། ལེ་ཉིན། སི་ཏ་ལིན་བཅས་ཚང་མར་ཁས་མི་ལེན་པ། ལོ་རྒྱུས་ཀྱི་དོན་སྟོང་རིང་ལུགས་བྱས་པས་བསམ་བློ་ཟང་ཟིང་བཟོས་ཏེ་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་ནུས་པ་གང་ཡང་མེད་པར་གྱུར་ཞིང་། དམག་དཔུང་ནི་ཏང་གི་མགོ་ཁྲིད་འོག་ཏུ་མེད་པ། མཐར་སུའུ་ལེན་གུང་ཁྲན་ཏང་གི་ཏང་ཆན་པོ་ཞིག་བྱེའུ་དང་རི་དྭགས་ཐོར་བ་ལྟར་བྲོས་སོང་བ་དང་། སུའུ་ལེན་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཆེན་པོ་ཞིག་ཐོར་ཞིག་ཏུ་འགྲོ་བ་རེད། འདི་ནི"སྔོན་ཕམ་རྗེས་དཔེ་ཡིན།"མཁས་པ་རྣམས་ཀྱིས་དེ་ལ་ སུའུ་ལེན་ཐོར་ཞིག་ཏུ་འགྲོ་བ་ནི་བསམ་བློ་ཟང་ཟིང་ནས་མགོ་བརྩམས་པར་ཕྱོགས་སྡོམ་བྱས་ཡོད། འདི་ནི་སྔོན་ཕམ་རྗེས་དཔེ་ཡིན་ལ་ང་ཚོར་བྱིན་པའི་དྲན་སྐུལ་ནན་མོ་ཞིག་ཀྱང་ཡིན།
གསུམ། དུས་རབས་གསར་བར་དྲིལ་སྒྲོག་བསམ་བློ་བྱ་བའི་ཐད་ལོ་རྒྱུས་ཀྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་འཁུར་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ལོ་རྒྱུས་དང་དངོས་པོ་དང་། ཀྲུང་གོ་དང་འཛམ་གླིང་བཅས་དང་འབྲེལ་ཡོད་པའི་ཉམས་མྱོང་བསླབ་བྱ་སྐོར་གྱི་བསམ་གཞིག་ཟབ་མོ་ལྟར་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་བསྐྱོད་པར་ངེས་པར་དུ་བསམ་བློ་གཅིག་གྱུར་དང་སྟོབས་ཤུགས་གོང་བུར་གྲིལ་ཤུགས་བྱེད་པ་དེ་དྲིལ་སྒྲོག་བསམ་བློའི་བྱ་བའི་ལྟེ་གནས་ལྷུ་ཚིགས་སུ་བྱེད་དགོས་པ་དང་། ངེས་པར་དུ་ཏང་གིས་འདུ་ཤེས་འཛིན་སྟངས་བྱས་པའི་མགོ་ཁྲིད་དབང་ཆ་རྒྱུན་འཁྱོངས་བྱེད་པ་དང་། བསམ་བློའི་བྱ་བའི"སྲ་བརྟན་གཉིས"ཀྱི་རྩ་བའི་ལས་འགན་རྒྱུན་འཁྱོངས་བྱེད་དགོས།"སྲ་བརྟན་གཉིས"ཟེར་བ་ནི་མར་ཁེ་སི་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ནང་གི་མཛུབ་སྟོན་གོ་གནས་སྲ་བརྟན་དུ་གཏོང་བ་དང་།ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་མཐུན་སྒྲིལ་འབད་བརྩོན་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་སྲ་བརྟན་གཏོང་དགོས་པ་དེ་རེད། གནས་བབ་གསར་བའི་འོག་དྲིལ་སྒྲོག་བསམ་བློ་བྱ་བ་བཟང་བོ་བསྒྲུབ་པ་ལ། ངེས་པར་དུ་རང་རྟོགས་སྒོས་དར་ཆ་བསྒྲེང་བ་དང་། དམངས་སེམས་གཅིག་སྡུད། མི་སྣ་གསར་བ་གསོ་སྐྱོང་། རིག་གནས་དར་སྤེལ། གཟུགས་བརྙན་མངོན་པར་སྟོན་པ་བཅས་ལོ་རྒྱུས་ཀྱི་འགན་འཁྲི་དང་ལས་འགན་ཁུར་དུ་ལེན་དགོས། དར་ཆ་བསྒྲེང་བ་ཟེར་བ་ནི་མར་ཁེ་སི་རིང་ལུགས་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་བསྒྲེང་དགོས་པ་དང་། རྒྱུན་འཁྱོངས་ལྷོད་མེད་ཀྱིས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཏང་ཡོངས་ལ་དྲག་ཆས་སྤྲས་པ་དང་། མི་དམངས་ལ་སློབ་གསོ་བྱེད་པ། བྱ་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཤིང་། གསལ་བོར་ཤེས་པ་དང་ཁོང་དུ་བཟང་བོ་ཆུད་པའི་ཐད་འབད་བརྩོན་བྱས་ཏེ། དེང་རབས་ཀྱི་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་ཉེར་གཅིག་པའི་མར་ཁེ་སི་རིང་ལུགས་མི་སེམས་ལ་ཟབ་མོར་ཟུག་པ་དང་། རྩ་བ་ཚུགས་ནས་ལོ་འདབ་རྒྱས་པར་སྐུལ་འདེད་གཏོང་དགོས། དམངས་སེམས་གཅིག་སྡུད་ཟེར་བ་ནི། ཡང་དག་པའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་དམ་པོར་ཁོང་དུ་ཆུད་པ་དང་། དུས་རབས་ཀྱི་དབྱངས་རྟ་གཙོ་བོ་ལེན་པ། དྲང་ནུས་འཕེལ་ཞིང་དར་བར་བྱེད་པ། བསམ་བློའི་གླེང་ཕྱོགས་གཙོ་བོ་ཇེ་ཆེ་དང་ཇེ་དྲག་ཏུ་གཏོང་བ། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་སེམས་ཤུགས་སྤོབས་པ་དང་སྙིང་སྟོབས་འཕེལ་བར་སྐུལ་མ་གཏོང་བ་བཅས་ཀྱི་ཐོག་ནས། ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་རླབས་ཆེན་གྱི་དམིགས་འབེན་ལ་ཀུན་ནས་ཕྱོགས་ཏེ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་མདུན་ཕྱོགས་ལ་བསྐྱོད་དགོས་པ་དེ་ཡིན། མི་སྣ་གསར་བ་གསོ་སྐྱོང་བྱེད་པ་ཟེར་བ་ནི། ཀུན་སྤྱོད་ཐོག་ནས་མི་གསར་བ་གསོ་སྐྱོང་བྱེད་དགོས་པ་དང་། རིག་གནས་ལྡན་པའི་ཐོག་ནས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་བསྟར་བ། མི་དམངས་ཀྱི་བསམ་བློའི་གོ་རྟོགས་དང་། ཀུན་སྤྱོད་ཀྱི་ཚད་གཞི། དཔལ་ཡོན་གྱི་བྱང་ཚད་བཅས་མཐོར་འདེགས་གཏོང་བ། མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་ཕྲག་ཏུ་ཁུར་ཕོད་པའི་དུས་རབས་ཀྱི་མི་སྣ་གསར་བ་སྐྱེད་སྲིང་གསོ་སྐྱོང་བྱེད་པ་ཞིག་ཡིན། རིག་གནས་དར་སྤེལ་ཟེར་བ་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་བགྲོད་ལམ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་དུ་བསྒྱུར་བ་དང་། གསར་སྐྲུན་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གསར་བརྗེའི་རིག་གནས་རྒྱུན་འཛིན་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་གཏོང་བ། མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་གསར་སྐྲུན་གྱི་གསོན་ཤུགས་སྐུལ་སྤེལ་བྱེད་པ་བཅས་ཀྱི་ཐོག་ནས། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དེ་ཡིན། གཟུགས་བརྙན་མངོན་པར་སྟོན་པ་ཟེར་བ་ནི། རྒྱལ་སྤྱིའི་བརྒྱུད་སྒྲོག་ནུས་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་པ་དང་། ཀྲུང་གོའི་གཏམ་རྒྱུད་བཟང་བོ་གླེང་ཞིང་། ཀྲུང་གོའི་བསམ་ཚུལ་སྤེལ་སྒྲོག་བཟང་བོ་བྱེད་པ། འཛམ་གླིང་ཡོངས་ལ་དེ་བས་དངོས་བདེན་དང་ཆ་ཚང་བའི་ཀྲུང་གོ་ཞིག་མངོན་པར་སྟོན་པ་བཅས་ཀྱི་ཐོག་ནས། རྒྱལ་ཁབ་ཀྱི་རིག་གནས་མཉེན་ཤུགས་དང་ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཚད་ཇེ་མཐོར་གཏོང་བ་ཞིག་ཡིན།
ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་་གསར་བར་བསླེབས་ན། ཀྲུང་ཧྭ་མི་རིགས་བསྐྱར་དར་ལ་སྔར་བྱུང་མ་མྱོང་བའི་འགལ་བ་གནད་དོན་དང་ཉེན་ཁ་འགྲན་རྩོད་ཁ་གཏད་བྱས་ཡོད་པས། ང་ཚོས་ངེས་པར་དུ་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་སྡོམ་ཟབ་མོ་བྱེད་པ་དང་། དངོས་པོའི་ཁེ་ཕེན་དང་བསམ་བློའི་སློབ་གསོ་གཉིས་ཕན་ཚུན་གཞོགས་འདེགས་བྱེད་པ་དང་གཅིག་ཆད་ནའང་མི་འགྲིག་པའི་ཡང་དག་པའི་འདུ་ཤེས་འཛུགས་དགོས། དཔལ་འབྱོར་འཕེལ་རྒྱས་དང་མཉམ་དུ་ཕྱུག་པོར་སྐུལ་འདེད་གཏོང་བའི་དུས་མཉམ་དུ། མི་དམངས་མང་ཚོགས་ཀྱི་སྣེ་ཁྲིད་དང་སློབ་གསོར་ཤུགས་བསྣན་ཏེ་རང་རེའི་ཏང་གིས"ཕྱོགས་གཉིས་ཀ་འཛིན་པ་དང་ཕྱོགས་གཉིས་ཀ་དམ་འཛིན་བྱེད་པའི"འཐབ་ཇུས་བསམ་བློ་དེ་དོན་འཁྱོལ་བྱེད་དགོས། དེའི་ནང་གི་ལས་འགན་གཙོ་བོ་ནི་ཞི་ཅིན་ཕེན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཏང་ཡོངས་ལ་དྲག་ཆས་སྤྲས་པ་དང་མི་དམངས་ལ་སློབ་གསོ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་དང་སྲོག་ཤིང་རིན་ཐང་མ་ལག་བཀོལ་ནས་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་གཅིག་བསྡུས་བྱེད་པ་དང་། ལྷག་པར་དུ་གཞོན་ནུ་དང་ལོ་ཆུང་། མང་ཚོགས་བཅས་ཀྱི་བསམ་བློའི་སློབ་གསོར་ཤུགས་བསྣན་ཏེ། དུས་ཐོག་ཏུ་ནོར་འཁྲིལ་སྣ་ཚོགས་ལ་ངོ་རྒོལ་བྱེད་དགོས་པ་དང་། དུས་རབས་གསར་བའི་དྲིལ་སྒྲོག་བྱ་བ་དང་བསམ་བློ་འཐབ་རྩོད་བྱེད་པའི་རང་དབང་གི་ནུས་པ་དམ་པོར་ཁོང་དུ་ཆུད་པ་བྱེད་དགོས།
རང་རྒྱལ་གྱི་ལོ་རྒྱུས་ཀྱི་འཕེལ་རྒྱས་དང་རྒྱལ་སྤྱིའི་དང་འབྲེལ་བ་ཡོད་པའི་ཉམས་མྱོང་དང་། དུས་རབས་གསར་བའི་དྲིལ་སྒྲོག་བསམ་བློའི་བྱ་བའི་འགན་འཁྲི་དང་ལས་འགན་གལ་ཆེན་ནས་བལྟས་ན། དྲིལ་སྒྲོག་བསམ་བློའི་བྱ་བ་ལེགས་སྒྲུབ་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་བསྟན་དོན། གོང་བུར་གྲིལ་ཤུགས་དང་སྣེ་ཁྲིད་ནུས་པ་ཆེན་པོ་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་འཛུགས་སྐྲུན་བྱེད་རྒྱུ་ནི། ཏང་ཡོངས་དང་ལྷག་པར་དུ་དྲིལ་སྒྲོག་བསམ་བློའི་འཐབ་ཕྱོགས་ཀྱིས་ངེས་པར་དུ་འགན་ཁུར་དགོས་པའི་འཐབ་ཇུས་ལས་འགན་ཞིག་ཡིན་པས། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ། དངོས་འབེབས་བཅས་ནན་ཏན་བྱེད་པ་དང་། ཧུར་ཐག་གིས་དུས་རབས་གསར་བའི་ཏང་གི་དྲིལ་སྒྲོག་བསམ་བློ་བྱ་བ་ལེགས་པར་བསྒྲུབ་པ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་ཆེན་གྱི་ལོ་རྒྱུས་ཀྱི་འཕེལ་ཚད་མངོན་དུ་འགྱུར་བའི་ཁྲོད་དུ་ཏང་དང་མི་དམངས་ཀྱིས་ང་ཚོར་གནང་བའི་རིགས་པའི་གཞུང་ལུགས་ཀྱི་བྱ་བ་བྱེད་མཁན་གྱི་ལས་འགན་འཁུར་དགོས།།