དབྱངས་གསལ་བཤད་འོད་ཁང་ཁྲ་རིས་མ།།
ཁྱོད་ང་ལ་འཁྲི་བས་ང་ཡི་ཡིན།།
ངས་ཕྱེ་དང་ས་ཡིས་རི་བོང་བཟོ།།
རྣ་རིང་བོ་ཡོད་ན་དགའ་རབ་མཆོད།།
བློ་རིག་པ་ཡོད་ན་སྤྱི་མ་བྱོས།།
ངས་གཏམ་དང་སྐད་ཆས་དཀྱིལ་འཁོར་བྱེད།།
ཐིག་རྡུལ་ཚོན་འགྲིག་ཀྱང་མ་འགྲིག་ཀྱང་།།
རྩྭ་ཤིག་ཤིག་གཡོ་བ་མཐོང་གསལ་རེད།།
ངའི་ཚེ་རབས་དུ་མའི་བག་ཆགས་དང་།།
ལར་སྐྱེ་བ་ད་ལྟའི་སྨོན་ལམ་གཉིས།།
རྡོ་མེ་ལྕགས་བཞིན་དུ་འཕྲོད་སོང་བས།།
ཁངས་ཕར་བབས་བ་མོ་ཚུར་བཞག་རེད།།
ངའི་རྩོམ་གྱི་བྱིའུ་ཆུང་གསེར་མགོ་ཁྱོད།།
གཤོག་དུང་འདབ་ཡལ་ག་དལ་རྡེབ་བྱོས།།
ལམ་བྱེ་མའི་དོལ་ནས་ཚུར་ལ་ལྟོས།།
ཚིག་རྟེན་འབྲེལ་བརྒྱུད་ནས་འདི་སར་ཤོག །
མགོ་སྒུར་དང་མེ་ཏོག་བུམ་པ་སྟེར།།
པུས་ཚུགས་དང་སྒྱུ་མའི་གཏེར་སྣ་བཤད།།
དཔེ་བདག་མེད་རི་སིལ་རླུང་བུ་མ།།
ངས་རོལ་ཏུ་འཁྲིད་ན་འཁྲིད་རྒྱུ་རེད།།
སུ་མ་དགའ་ན་ཡང་སྡུག་གྱོང་ཡིན།།
རིར་རྣམ་ཤེས་འཇུག་པ་བརྡ་ཡི་རྩལ།།
སྤྲིན་གསོན་པོར་གཏོང་བ་ཡིད་ཀྱི་འཕྲུལ།།
ངས་སྟོང་བའི་མཁའ་ནས་སྟོང་བའི་བྱར།།
ལས་ཅི་ཞིག་བྱས་ཀྱང་རང་ལག་རེད།།
ཐོག་མཛུབ་ཁྲིད་བྱེད་ན་ཁྱོད་ཀྱང་ཤོག །
ཝ་ཁུང་གསོད་བྱེད་ན་ངའི་འདིར་ལྟོས།།
ཁང་ཤུལ།
གྱང་ཆག་སྐྱ་བོ་འདི་ཚོའི་བར་གསེང་ན།།
ང་ཡིས་རིན་ཆེན་ཅི་ཞིག་ལུས་ཡོད་དམ།།
ངོ་མ་བཤད་ན་ཅི་ཡང་མེད་མོད་ཀྱང་།།
ཟི་ལིང་སོང་ན་ཡང་བསྐྱར་གནས་འདི་དྲན།།
གྱང་ཆག་སྐྱ་བོ་འདི་ཚོའི་བར་གསེང་ནས།།
དྲིན་ཅན་ཨ་མ་ལངས་ནས་མི་ཡོང་མོད།།
འདི་ནས་ས་རུ་བསྡད་ནས་ངལ་གསོས་ན།།
ཆད་དྭངས་སྙིང་བདེ་ཁམས་དྭངས་སྣང་བ་སྐྱིད།།
རང་གི་ཚོད་ཀྱིས་གྲོང་ཁྱེར་ཆེ་ས་ནས།།
སྐྱིད་པོ་མ་བཏང་བསམ་པ་མེད་མོད་དེ།།
སྐྱིད་ད་འདི་རེད་བསམ་སྤྱད་ཅང་མ་རྙེད།།
གང་ལ་སོང་ཡང་གྱང་ཆག་འདི་ཚོ་དྲན།།
ཡང་གཅིག་བཤད་ན་ང་ཡིས་དྲན་གྱིན་པ།།
གྱང་ཆག་འདི་ཚོ་ཙམ་ཡང་མིན་ལས་ཆེ།།
གྱང་ཆག་འདི་འདྲ་གཞན་དུ་ལས་ཆོག་ཀྱང་།།
དེ་ཡིས་ང་ཡི་འདོད་པ་མི་ཚིམ་འདྲ།།
ལྟོས་དང་ད་ནི་ཟླ་བ་ཡང་ཤར་བྱུང་།།
གྱང་ཆག་རེ་རེར་ལྟ་ཉན་ཅི་ཡང་མེད།།
སྡུག་པོ་བཤད་ན་དུར་ས་ཞིག་དང་འདྲ།།
འོན་ཀྱང་སེམས་དང་བསམ་པའི་གཏིང་ཞིག་ནས།།
ད་དུང་གྱང་ཆག་འདི་ཚོར་ཞེ་རེ་ཆགས།།
༢༠༡༧.༢.༣
༢༠༡༧.༩.༢༦