སྟག་གི་ལོ་ལ་སྐྱེས་པའི་སྟག་ཤར་ཁྱོད།།
བྱ་ཡི་ལོ་འདིར་སློབ་ཆེན་གཞི་རུ་བསྐྱོད།།
གཞིས་ཁྱིམ་དེ་ནི་ཨ་ཕའི་ཁྱིམ་ཡིན་པས།།
ཕ་ཤུལ་བུ་ཡིས་ཟིན་འདྲའི་ཚོར་སྣང་བརྟས།།
གཞི་རིམ་སློབ་གྲྭར་འགྲོ་བའི་སྔ་ཉིན་དེར།།
འུ་གཉིས་བར་དུ་ཁ་ཡི་གཡར་དམ་བཞག །
ཁ་དན་ཚིག་ལ་གནས་པའི་མཇུག་འབྲས་སུ།།
རྒྱུགས་འབྲས་ཕུལ་བྱུང་བླངས་པ་འདི་རྨད་བྱུང་།།
སློབ་ཆེན་ཟེར་བ་རང་དབང་སྐྱེད་ཚལ་ཏེ།།
རང་དབང་གནས་སུ་རང་གཅུན་མི་འདོར་འཚལ།།
རང་དབང་རང་གཅུན་མཐོ་དམའ་མ་ཤོར་ན།།
རང་དོན་ཤེས་བྱ་རྒྱུད་ལ་ངང་གིས་འབྱོར།།
ཤེས་བྱ་འབྱོར་བར་དགེ་རྒན་ཞྭ་བཞིན་བཀུར།།
སློབ་གྲོགས་ཕན་ཚུན་བར་དུ་འགྲན་རྩོད་བགྱིས།།
འགྲན་རྩོད་བར་ནས་ཡོན་ཏན་ལེགས་སྦྱངས་པ།།
འུ་ཅག་མེས་པོ་དམ་པའི་ཕྱག་སྲོལ་ཡིན།།
ཤེས་རིག་སྣ་མང་དར་བའི་དུས་རབས་འདིར།།
ཡོད་ཚད་འཛིན་རྒྱུ་ཟེར་ན་སྤྲེལ་ལད་དེ།།
སྤྲེལ་ལད་མ་བྱེད་རིག་གཞུང་སྣ་གཅིག་ལ།།
ཕག་པས་སོ་བཏབ་ནང་བཞིན་མི་གཏོང་འཚལ།།
དྲན་འཛིན་ཡོལ་བའི་ངོས་སུ་རིག་པའི་གནས།།
མཁའ་ལ་སྤྲིན་དཀར་ནང་བཞིན་མི་འཕྱོ་དུས།།
ཨུ་ཚུགས་བྱེད་པ་རྡོ་ཐོག་ཕུར་འདེབས་ཏེ།།
རེ་ཞིག་ཁུར་ཆེན་གཞོགས་སུ་ཕབ་འདྲ་མཛོད།།
དེའི་དུས་རྩེད་མོའི་ཆ་ལ་གཡེང་ན་དགའ།།
དགའ་བའི་བར་དུ་ཡིད་མཐུན་གྲོགས་གྲོགས་མོར།།
གང་ལ་གང་འཚམ་གཏམ་བརྗོད་ལེགས་སྤེལ་ནས།།
མི་ཚེའི་འདུན་མ་གླེང་རྒྱུ་ཤིན་ཏུ་གལ།།
འདུན་མ་ཟེར་བ་ཉིན་རེའི་སློབ་ཚན་དང་།།
བསླབ་ཕྱིའི་དེབ་ནས་བ་ལས་འོ་མ་བཞིན།།
འོ་མ་ལས་ཀྱང་མར་གྱི་དཀྱིལ་དབུས་དེར།།
སྡོང་བུ་བཙུགས་འདྲ་དགོས་སོ་རིགས་ཀྱི་བུ།།
དེ་ཡང་གཞན་ཕན་འོད་ཀྱི་ཕུང་བོ་རུ།།
བསྒྱུར་ནས་འཇུག་ལྡོག་སོ་མཚམས་མི་འདྲེས་པའི།།
ཚུལ་ལ་ངང་བའི་རྒྱལ་པོས་འོ་ཆུ་དག །
འཛོལ་མེད་འབྱེད་པའི་དཔའ་གདེང་འཛོམས་པ་གལ།།
གདེང་ཚོད་དེ་འདྲ་ཐོབ་རྒྱུ་རུས་སྦལ་སྐེ།།
འཁུར་ཤིང་བུ་གར་འཕྲད་འདྲ་ལས་ཁག་ན།།
བརྩོན་པའི་ཁེམ་གྱིས་རེ་རེར་བྲུས་པ་ལས།།
རི་བོ་འབིག་པའི་རྗེས་སུ་རྐང་བ་ཞོག །
རིག་པའི་སྡིངས་ཀར་བསླབ་འབྲས་གཡུར་ཟ་བ།།
གྲངས་ཀྱིས་མཐོ་བའི་མཐོ་བ་ཀུན་གསལ་བའི།།
དཔང་རྟགས་སྒོ་ལེབ་འདྲ་བ་དེ་བསྣམས་ནས།།
བགྲང་བྱ་གཉིས་ཟུང་རྗེས་སུ་ལྡོག་པ་གཅེས།།
དེ་སྐད་སྙིང་གཏམ་ཀུ་རེ་ཟུང་གི་གཤོག །
གཤོག་གཉིས་ལྡེམ་པོར་བསྒྱུར་བའི་བྱ་མ་རྟ།།
རྟ་མཆོག་བང་ལས་སྐྱེན་པོར་མྱུར་བྱོན་ལ།།
ལ་རྒྱ་ཅན་གྱི་བུ་དེར་འཕྲོད་པར་མཛོད།།