རླུང་ནང་གི་སྒོ་དར།

སྡེ་དགེའི་རྣོ་ངར།(དཀར་མཛེས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-17


འགྲོ་འདུག་སེམས་ཀྱི་རྟ་ཕོ་ཞེད་པའི་ཚུལ་དུ།།

ཁོར་མོ་ཡུག་གི་ལམ་དུ་ཨ་ཐང་ཆད་འདྲ།།

འཇིག་རྟེན་ཧྲིལ་པོ་འཁྲུལ་བ་ག་རེ་ཡིན་ནམ།།

སྡུག་ཡུས་ཁ་བ་ངམ་ནག་འཚུབ་སྐོར་ཉིལ་ལེ།།

མཚམས་རེར་ཡི་གེ་བྲིས་ཤིང་སྐྱོ་བ་ཆེན་པོས།།

སྐྱེས་རབས་དུ་མའི་འོད་ཟེར་སྐེམ་པར་བྱས་བྱུང་།།

རྔུལ་ཆུས་རྒྱུན་མར་འཁྲུད་པའི་སྐྲ་ཉག་རེ་རེ།།

ཆག་འཇིག་རི་མོ་དོད་པའི་རས་གཞི་ཞིག་སྟེ།།

ཡིད་ཆད་ཕྱི་རུ་འཆར་བའི་རྒྱུ་རྐྱེན་སྣ་ཚོགས།།

དེ་གའི་ཁ་དོག་མང་པོའི་སླད་དུ་འབྱོར་བས།།

ཐོར་ཤོར་རླབས་ཀྱི་གྲི་སོ་ངེར་ངེར་གཏད་པའི།།

མེ་ཏོག་ལྷུང་བའི་ཞག་སྨད་སྐྱིད་པོ་མེད་ཀྱང་།།

སྨྲེང་སེམས་ཆར་ཞོད་ཆེ་བའི་སྐྱེ་བ་ད་ནི།།

བཟོ་ལྟ་ཇི་སྙེད་ཅིག་གིས་གཞན་ངོར་འགུལ་ན།།

ཕལ་བ་ཕལ་བའི་ཁྱིམ་དུ་འཛུལ་བ་སྐྲག་ཅིང་།།

སླར་ཡང་སྒྱུ་མའི་ནགས་སུ་སྒེའུ་ཁུང་ཕྱེས་ནས།།

སེམས་སུ་སྤྲིན་གྱི་འདུ་ལོང་ཡོམ་ཡོམ་བསྒུལ་ཏེ།།

མིག་ཟུང་མེ་ལོང་ངོས་ནས་འབྲལ་བར་མ་བྱུང་།།

༢༠༡༧.༩.༢༩


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1