ཕར་འགྲོ་དུས་ལ་འཛུམ་གྱིན་འཛུམ་གྱིན་འགྲོ།།
ཚུར་འོང་སྐབས་ལ་དགོད་བཞིན་དགོད་བཞིན་ཡོང་།།
ཉི་མ་ལྷ་སའི་བུ་མོ་མིག་ཡག་མ།།
གམ་ན་ཡོད་པའི་བདུད་རྩི་ཕོར་གང་ཡིན།།
ཨམ་སྐད་དེ་ནི་ཧ་གོ་མི་འདུག་གསུང་།།
མིག་གི་མདངས་ལ་གོ་བའི་ཉམས་ཤིག་ཤར།།
ཉི་མ་ལྷ་སའི་བུ་མོ་མིག་ཡག་མ།།
སྐྱིད་ཆུའི་འགྲམ་གྱི་རྡེ་འུ་དཀར་པོ་ཡིན།།
འཕྱོར་ལྭའི་ཟུར་ན་དུས་ཀྱི་ཚོན་ཁ་ཡོད།།
དམར་པོ་སྙིང་ན་ཁ་བའི་དྲོད་ཅིག་ཡོད།།
ཉི་མ་ལྷ་སའི་བུ་མོ་མིག་ཡག་མ།།
ཨ་མདོའི་བུ་ངའི་དབུས་རྟེན་འགངས་ཆེན་ཡིན།།
ཤེས་རིག་མེ་ཏོག་བཞད་སའི་གླིང་ག་ནས།།
གཞོན་ཤས་མིག་ཟུང་འཕྲོག་ཅིང་སེམས་པ་བརྐུ།།
ཉི་མ་ལྷ་སའི་བུ་མོ་མིག་ཡག་མ།།
ཆུ་ཤེལ་གདུ་བུའི་དཀྱིལ་གྱི་གཟི་ཆུང་ཡིན།།
ལས་ཀྱིས་དེད་དེ་ལམ་ཁའི་མདོ་ནས་ཕྲད།།
ཇོ་བོར་འདུན་མ་བཅོལ་བའི་ཟུར་ནས་མཇལ།།
ཉི་མ་ལྷ་སའི་བུ་མོ་མིག་ཡག་མ།།
དྲན་ཤེས་སྨྱོན་པ་དགུག་པའི་ལྕགས་ཀྱུ་ཡིན།།
གར་སོང་རྗེས་ལ་འཕྲིན་པས་ཁམས་འདྲི་གནང་།།
གམ་ལ་བཅར་ན་ག་ལེ་ག་ལེར་འབྲོ།།
ཉི་མ་ལྷ་སའི་བུ་མོ་མིག་ཡག་མ།།
སེམས་ལ་བྲེལ་ཤ་སློང་བའི་དུས་ཚོད་ཡིན།།
རྐང་ལམ་བརྒྱུད་དུས་སྔོན་ན་ཀེ་རེར་འདུག །
ཉེ་སར་ཐོན་སྐབས་ཕྱི་མིག་འཕེན་བཞིན་ཕེབས།།
ཉི་མ་ལྷ་སའི་བུ་མོ་མིག་ཡག་མ།།
གོ་དོན་བློ་ལ་འབྲི་བའི་སྙུ་གུ་ཡིན།།
2014.01.15ཉིན་ལྷ་སའི་མེ་འཁོར་ས་ཚིགས་ནས།