ལོ་ཟླའི་མཚོ་མོ་རླབས་ཀྱིས་དེད་ཀྱང་འཚོ་བའི་ཟློས་གར་གཏན་དུ་འཁྲབ།།
སྙིང་གི་རྨི་ལམ་རླུང་ལ་བསྐུར་ཞིང་མི་ཚེའི་སྦྱར་བྱང་ས་ལ་གཏོར།།
རྟེན་འབྲེལ་འཁོར་བའི་རྨུ་ཐག་རིང་མོ་ལས་ཀྱི་མགུལ་བར་འཁྱུད་པ་ཡིས།།
ཡིད་ཀྱི་ཕབ་གཞུང་ཕྱི་རུ་བཏོན་ནས་དྲན་པའི་རི་མོ་དབྱིངས་སུ་བཏབ།།
སྲོག་དབང་གསེར་གྱི་ཐུར་མས་བསྣར་བའི་ཚེ་ཡི་རླུང་གཤོག་སྔོན་མོའི་འགྲོས།།
ཐོགས་མེད་སྲེད་པའི་མེ་ཞགས་སྤར་ཞིང་གསང་བའི་དམ་ཚིག་བྲག་ལ་བརྡབས།།
སྐྲག་སྣང་བྱིན་པ་འདར་བའི་མོད་ལ་སེམས་ཀྱི་འོད་ཟེར་སྟོང་ཚུལ་གྱིས།།
རེ་དོགས་ཚ་བའི་མིད་པ་བརྣངས་ཤིང་མིག་གི་རི་མོ་མཉམ་དུ་ཤི།།
སྐྱེ་འཆིའི་སྒོ་མོ་རིང་ནས་བརྡུངས་ཤིང་འཁོར་བའི་སྨུག་ནག་མིག་ལ་འཚུབ།།
ཟིན་མེད་འཚོ་བའི་ཆུ་རྒྱུན་ཡོན་པོ་བསྐལ་བའི་བར་དུ་ཧབ་ཀྱིས་དྲངས།།
སྐར་མའི་ཕྲེང་བ་རྒྱན་དུ་ལེན་པའི་བྱིས་པའི་བློ་སྣ་མ་བསྟུངས་པར།།
སེམས་ཀྱི་ཡང་སྙིང་རེ་བས་བཏེགས་ཤིང་འཁོར་བའི་ཁྱིམ་སོ་སླར་ཡང་འཚོལ།།
ཞེད་སྣང་སློང་བའི་རླུང་བུ་སྣ་ཚོགས་རི་བོའི་སུལ་ལས་ལྡང་འོང་སྟེ།།
དུས་ཀྱི་འགྱུར་བག་རེས་ཀྱིས་གཏོང་ཞིང་སྦྲ་ཡི་འདབ་མ་གཡོ་བར་བྱེད།།
མིག་ལ་འཁོར་བའི་འཇིག་རྟེན་ཁྲ་ཁྲ་འཕག་འཚག་དང་བཅས་འགྱེལ་མིན་ཡང་།།
དཀའ་སྡུག་འདྲེས་མའི་འཚོ་བ་ཆུང་ཆུང་ཡོངས་སུ་བསྒྱུར་ཞིང་འཁེང་བར་བྱེད།།
སྨྲ་བ་མཐའ་དག་མགྲིན་པར་བསྐྱིལ་ཞིང་ཤིག་དང་སྲོ་མའི་བདག་པོ་སྟེ།།
རང་ལ་སྤོབས་པའི་གྲོགས་དན་མེད་པའི་ང་ཚོར་ལོངས་སྤྱོད་ག་རེ་ཡོད།།
ཚོར་བའི་སྤྲིན་ཕུང་སེམས་ལ་མཆེད་བཞིན་རང་གི་ལུག་ཁྱུ་བརྩི་བ་ལས།།
ཉི་ཟླའི་མིག་ཟུང་ཐོད་ལ་གཡར་ནས་ཅི་ཞིག་འཚོལ་བར་ཐབས་ཀྱིས་ཕོངས།།
གཟུགས་མེད་འཕྱོ་བའི་ཡིད་ཀྱི་བདེ་བ་ཆགས་སྡང་རལ་གྲིའི་སོ་ལ་བཏེགས།།
མིག་གིས་འཚོས་ཤིང་ངག་ལ་བཟློས་པའི་ཕུགས་ཀྱི་འདུན་མ་ཆུ་ལ་བསྒྱུར།།
འཚོ་བའི་རྐང་ལམ་གྱ་གྱུ་དེད་ནས་མི་ཚེའི་བཞུད་སྟངས་ཉམས་འགྱུར་བའི།།
ང་ཚོས་རང་གི་འཁོར་བའི་ཀློང་དུ་དྲན་པའི་རི་མོ་སྣ་ཚོགས་འབྲི།།
འགྲན་རྩོད་ཚ་རླབས་དྲག་ཏུ་འཕྱུར་བའི་དུས་ཀྱི་རབ་ཁ་བརྒལ་བ་ཡིས།།
སེམས་ཀྱི་གྲོང་ཁྱེར་ས་ལ་འགྱེལ་བའི་དངངས་སྐྲག་རུས་པའི་གཏིང་ལ་ཟུག །
སྲིད་ཞིའི་སྙིང་ནོར་ལོངས་སུ་རེ་བས་འདོད་པའི་སྒྲོག་ལ་ལྷུང་བའི་མི།།
རི་བོའི་ལོགས་སུ་ལྐོག་ཏུ་ངུ་ཞིང་སྣང་བའི་སྒོ་མོ་འདར་བར་བྱེད།།
བཤད་པའི་མི་སྤོབས་རྟོག་པའི་དྲྭ་བ་ནམ་ཞིག་གཞོམ་སྲིད་འཁོར་བའི་མི།།
མིག་ལ་སྣང་བའི་སྐྱེ་དངོས་དག་ཀྱང་གཞི་ནས་རྒུད་ཡོང་གསན་ནམ་ཀྱེ།།
དབུགས་ཀྱི་འདབ་མ་མཁའ་རུ་རྩེག་བཞིན་བློ་མིག་རྣོན་པོ་འཁྲུང་ཤོག་དང་།།
འཁོར་བའི་ཀློང་གི་རི་མོ་སྣ་ཚོགས་འགྲེལ་བའི་ཐབས་ཤེས་ངང་གིས་འབར།།
2017.6 .3ཉིན་བྲིས་སོ།།